བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གསུམ་པ་དེ་སྤྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༨ དང་ ༩ ཉིན་གཉིས་རིང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཨ་རི་ཤི་ལྟེ་གནས་ཁང་དུ་ཚོགས་ཡོད་པ་དང་། སྐབས་འདིར་ཁྱོན་ཚོགས་བཅར་བ་གྲངས་ ༤༥ ཙམ་མཉམ་ཞུགས་བྱས་ཏེ་བོད་ཀྱི་མདུན་ལམ་དང་འབྲེལ་བའི་བརྗོད་གཞི་མང་པོ་ཞིག་གི་ཐོག་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད་པ་རེད།

ཉིན་དང་པོ།

(བསྟན་ཆོས་རྒྱ་མཚོ་ལགས་ནས་གསུང་བཤད་གནང་བཞིན་པ།)

ཟླ་ ༤ ཚེས་ ༨ ཉིན་གྱི་སྔ་དྲོའི་ལས་རིམ་དང་པོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ཨ་རིར་ཡོད་པའི་བོད་ཀྱི་གཞོན་ནུའི་འགན་ཁུར་དང་གོ་སྐབས། དེ་བཞིན་ཆབ་སྲིད་ནང་མཉམ་ཞུགས་ཀྱིས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ལ་ནུས་པ་འདོན་ཕྱོགས་སོགས་ཀྱི་ཐོག་དྲ་ཐོག་ནས་བཀའ་སློབ་གསུང་བཤད་གནང་བ་དང་། དེ་རྗེས་ཚོགས་གཅར་བའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད།

སྔ་དྲོའིི་ལས་རིམ་གཉིས་པའི་ཐོག་ཀ་ལོམ་བྷི་ཡ་གཙུག་ལག་སློབ་གྲྭའི་འབུམ་རམས་སློབ་མ་ཚེ་དབང་རིག་འཛིན་ལགས་ནས་༧གོང་ས་མཆོག་དང་བོད་ཀྱི་མདུན་ལམ། འདས་པ་དང་། ད་ལྟ་བ། མ་འོངས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། བོད་དོན་འཐབ་རྩོད་པ་དང་ན་གཞོན་འགོ་ཁྲིད་འཆི་མེད་ལྷ་མོ་ལགས་ནས་བོད་ཀྱི་མ་འོངས་པའི་མི་རབས་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང། གསུང་བཤད་གྲུབ་རྗེས་ཚོགས་བཅར་བ་རྣམ་པའི་དྲི་བར་ལན་འདེབས་དང་བགྲོ་གླེང་གནང་ཡོད་པ་རེད།

ལས་རིམ་གཙོ་སྐྱོང་གནང་མཁན་བསྟན་འཛིན་དགྲ་འདུལ།

ཉིན་རྒྱབ་ཀྱི་ལས་རིམ་དང་པོར་ཁེ་ན་ཊ་ཨོན་ཊ་རོའི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེ་མཆོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཡོད་པའི་བོད་པའི་གཞོན་ནུ་ཚོས་ཆབ་སྲིད་ནང་མཉམ་ཞུགས་ཀྱིས་བོད་ཀྱི་གནད་དོན་དང་འབྲེལ་བའི་སྲིད་ཇུས་གྲོས་འཆར་འདོན་དགོས་པའི་གལ་ཆེའི་རང་བཞིན་ཐོག་བཀའ་སློབ་གནང་ཡོད་པ་རེད།

ལས་རིམ་གཙོ་སྐྱོང་གནང་མཁན་བློ་གྲོས་རྒྱ་མཚོ།

ཉིན་གཉིས་པ།

ཟླ་ ༤  ཚེས་ ༩ ། ཉིན་གཉིས་པའི་སྔ་དྲོའི་ལས་རིམ་དང་པོར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་དང་བོད་དོན་འཐབ་རྩོད་པ་བཀྲས་མཐོང་ལྷག་སྒྲོན་ལགས་དང་།  ཀ་ལོམ་བྷི་ཡ་གཙུག་ལག་སློབ་གྲྭའི་འབུམ་རམས་སློབ་མ་དང་བོད་དོན་འཐབ་རྩོད་པ་བསྟན་འཛིན་རྡོ་རྗེ་ལགས་གཉིས་ནས་བོད་པའི་གཞོན་ནུ་ཚོས་བོད་དོན་ལས་འགུལ་ཐོག་འགན་ཁུར་བླངས་ཕྱོགས་དང་། མི་རིགས་གཞན་གྱི་འཐབ་རྩོད་པ་དང་ལྷན་དུ་འབྲེལ་ལམ་གཙུགས་ནས་ནུས་པ་ལྡན་པའི་ལས་འགུལ་སྤེལ་ཐབས། དེ་བཞིན་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་དང་བོད་ནང་གི་འགྱུར་བའི་སྐོར་སོགས་ལ་བཀའ་སློབ་གནང་བ་དང་། དེ་རྗེས་ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་དང་ཕན་ཚུན་བགྲོ་གླེང་གནང་ཡོད་པ་རེད།

ལས་རིམ་གཙོ་སྐྱོང་བ་བློ་གྲོས་རྒྱ་མཚོ།

སྐབས་འདིའི་ལྷན་ཚོགས་ཉིན་གཉིས་ཀྱི་དུས་ཚོད་མང་ཆེ་བ་གཟབ་སྦྱོང་ཀྱི་ཐོག་བཏང་ཡོད་པ་དང་། འཆི་མེད་ལྷ་མོ་ལགས་ཀྱིས་གཟབ་སྦྱོང་སྣེ་ཁྲིད་ཀྱི་འགན་ཁུར་གནང་ཡོད། གཞན་ཡང་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གསུམ་པ་གོ་སྒྲིག་ཀྱི་སྔ་ཕྱི་ལས་འགན་ཆ་ཚང་བཀྲ་ཤིས་ལམ་བཟང་དང་། བསྟན་འཛིན་ཚེ་དབྱང་། པ་སངས་ཆུང་བདག བསྟན་འཛིན་དགྲ་འདུལ། ཚེ་དབང་རིག་འཛིན། བསྟན་འཛིན་སྒྲོལ་དཀར། འཆི་མེད་ལྷ་མོ་བཅས་ནས་གནང་ཡོད་པ་དང་། ནིའུ་ཡོག་ས་གནས་གཞོན་ནུའི་བློ་བཟང་སྒྲོལ་མ་དང་བསྟན་འཛིན་ནོར་སྒྲོན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་ཚེ་ལྷ་གསུམ་ནས་དང་བླངས་རོགས་རམ་གནང་ཡོད་པ་རེད།