སྤྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་བོད་ཀྱི་མདུན་ལམ་ཆེད་དུ་བཞུགས་མོལ་ལྷན་ཚོགས་ཐེངས་དང་པོ་དེ་ཨ་རིའི་རྒྱལ་སའི་ཁུལ་དུ་འཚོགས་ཡོད་པ་དང་། ལྷན་ཚོགས་ཐོག་མཁས་པ་དང་། ཉམས་ཞིབ་པ། ཆེད་ལས་པ། ཆབ་སྲིད་བཙོན་ཟུར། འཐབ་རྩོད་པ། རྩོམ་པ་པོ་སོགས་ཁྱོན་གསུང་བཤད་གནང་མཁན་གྲངས་ ༡༣ ལྷག་དང་ཚོགས་བཅར་བ་གྲངས་ ༥༠ ལྷག་གིས་༸གོང་ས་མཆོག་གི་རླབས་ཆེའི་མཛད་རྗེས་ཏེ་བོད་ཀྱི་མང་གཙོ་དང་འཚེ་མེད་ཞི་བའི་འཐབ་རྩོད་ཇི་ལྟར་རྒྱུན་འཛིན་གནང་ཐབས། བོད་མིའི་འགན་ཁུར་དང་བོད་དོན་ལས་འགུལ།རྒྱལ་སྤྱིའི་ནང་ནུས་པ་ལྡན་པའི་བོད་དོན་ལས་འགུལ་སྤེལ་ཐབས།གཞིས་བཞུགས་བོད་མི་ཚོས་བོད་དང་བོད་མིའི་མདུན་ལམ་ལ་ལྟ་ཚུལ་གང་འདྲ་ཡོད་པ་དང་ལས་འགུལ་སྤེལ་ཐབས།གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དང་མ་འོངས་བོད་ནང་མང་གཙོའི་བསམ་བློ་དར་སྤེལ་གཏོང་ཐབས་སོགས་གལ་ཆེའི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད། སྐབས་དེར་གསར་འགྱུར་བརྒྱུད་ལམ་ཁག་དང་། མི་དམངས་ནས་དོ་སྣང་ཤུགས་ཆེ་གནང་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་གི་ཤེས་ལྡན་པ་དང་དོ་སྣང་ཅན་ཁག་གཅིག་ནས་ཀྱང་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་དང་པོའི་བགྲོ་གླེང་གི་བརྗོད་གཞི་དང་ནང་དོན་ཁག་ལ་དོ་སྣང་ཆེན་པོ་གནང་བ་དང་ཆབས་ཅིག ལྷན་ཚོགས་དེ་ཧ་ཅང་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཅེས་བསྔགས་བརྗོད་ཀྱང་གནང་ཡོད།

 སྐབས་དང་པོའི་ལྷན་ཚོགས་ཀྱི་གསུང་བཤད་གནང་མཁན་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་སྤྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་བའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་བོད་མི་རིགས་ཐ་དད་ཀྱི་འདུ་ཤེས་མཐོ་རུ་གཏོང་ཡག་དང་། རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་ཅུང་མཁྲེགས་ཙམ་དང་ཤུགས་ཆེ་ཙམ་བྱུང་ན་བསམ་བྱུང་ཡང་ད་བར་དེ་ལྟར་བྱུང་མ་སོང་ཅེས་དང་། ཡང་ཁོང་གིས་སྤྱིར་བཏང་ང་ཚོ་བོད་པའི་ངོས་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཅེས་བསམ་བློ་གཏོང་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བཞིན་པའི་གནས་སྟངས་འདིའི་འོག་ནས་ང་ཚོས་རྒྱ་དང་བོད་གཉིས་མི་རིགས་ཐ་དད་ཡིན་པའི་འདུ་ཤེས་དེ་ཁ་གསལ་དུ་དང་བརྟན་དུ་གཏོང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག དེའི་སྟེང་དུ་རང་ཉིད་བོད་པ་ཡིན་པའི་བསམ་བློ་དང་སྤོབས་པ་མ་བརླག་པ་བྱེད་དགོས། ཅེས་གསུང་པ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྒྱུས་མངའ་ཆ་ཚང་ལྡན་པ་དང་། གནའ་དེངས་ཀྱི་ཤེས་ཡོན་ལྡན་པ། ལོ་ངོ་མང་པོར་གོང་ས་མཆོག་གི་སྐུ་བཅར་གསུང་བསྒྱུར་གནང་ནས་ཞབས་ཞུ་སྒྲུབ་བཞིན་པའི་མཁས་དབང་ཞིག་གིས་བོད་ཀྱི་གནད་དོན་ཐོག་ལ་གསུངས་པའི་སྙིང་གཏམ་ཞིག་ཆགས་ཡོད་པས་དོན་དེར་རང་རེ་གོང་འོག་ཚང་མས་དོ་སྣང་དང་ཡིད་འཇོགས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་དུ་མཐོང་།

སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ནས་བོད་མིའི་རང་དབང་འཐབ་རྩོད་ཐོག་ལ་གཏིང་ཟབ་པ་དང་གུ་ཡངས་པའི་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་བྱེད་ཡག་དེ་ཉུང་དྲག་པའི་ཚོང་སྣང་བྱུང་བས་ང་ཚོའི་འདིའི་ཐོག་བགྲོ་གླེང་གང་མང་བྱས་ན་དགེ་ཚན་ཡོད་པར་བསམ་གྱི་ཡོད། ཅེས་དང་། ང་རང་ཚོ་བོད་མིར་ཡོད་པ་གཅིག་ནི་བོད་མིའི་སྒྲིག་འཛུགས་འདི་ཆགས་ཡོད། བོད་མིའི་སྒྲིག་འཛུགས་འདི་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་དེ་བོད་མིའི་རང་དབང་འཐབ་རྩོད་ཐོག་ལ་འགན་ཁུར་ཡག་དེ་ཆགས་ཡོད་པས། འདས་པའི་ནང་བྱས་རྗེས་བཞག་ཡོད་པ་དང་གྲུབ་འབྲས་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པ་དེ་གཟུར་གནས་ཤིག་གིས་བལྟས་ན་རྩོད་མེད་ཆགས་ཡོད།  འོན་ཀྱང་ད་ལྟ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་འདུག་བསམ་གྱི་འདུག དབང་ཆ་དང་སྒྲིག་ཁྲིམས་ཐོག་ནས་དཀའ་ངལ་མང་པོ་ཞིག་འཕྲད་པ་དང་། སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་རང་དབང་འཐབ་རྩོད་ཐོག་ལ་འགན་ཁུར་ཡག་དེ་ཉམས་ཆག་ཆེན་པོ་ཕྱིན་པ་མཐོང་སོང་། བོད་མིིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་དེ་བོད་མིའི་རང་དབང་འཐབ་རྩོད་ཀྱི་འགོ་ཁྲིད་ཀྱི་འགན་ཁུར་རྒྱུ་དེ་རེད་བསམ་གྱི་འདུག སོང་ཙང་ད་ལྟའི་དུས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་རང་དབང་སླར་གསོ་བྱེད་ཡག་གི་ངོ་བོ་དང་འགན་ཁུར་སྐྱར་གསོ་བྱེད་དགོས་པའི་དུས་ལ་བབས་འདུག དེ་ལྟར་མ་བྱུང་ན་མ་འོངས་པའི་མི་རབས་གསར་པ་ཚོ་ཡང་བོད་མིའི་རང་དབང་འཐབ་རྩོད་བྱེད་མཁན་ཞིག་བཟོ་ཐུབ་རྒྱུ་ཁག་པོ་རེད་དྲན་གྱི་འདུག་དྲན་གྱི་འདུག་ཅེས་དང་། ལྷག་པར་དུ་ཁོང་གིས་ད་ལྟ་བར་ང་ཚོས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཆེད་དུ་བཟུང་བའི་སྲིད་ཇུས་དེ་དབུ་མའི་ལམ་དེ་རེད། དབུ་མའི་ལམ་གྱི་སྲིད་ཇུས་བཟུང་བ་དེར་དགོས་པ་མང་པོ་ཡོད་རེད། རྒྱུ་མཚན་མང་པོ་ཡོད་རེད། ཕན་ཐོག་ཀྱང་ཆེན་པོ་བྱུང་ཡོད་རེད། ཡིན་ན་ཡང་ད་ལྟའི་མཁྲེགས་འཛིན་ཅན་གྱི་རྒྱ་ནག་དམར་ཤོག་སྲིད་གཞུང་འདི་དང་ལྷན་དུ་ང་ཚོས་གྲོས་མོལ་བརྒྱུད་དེ་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་གི་ཞི་འགྲིག་གཅིག་ཡོང་རྒྱུའི་རེ་བ་གང་ཡང་མེད་པ་གསལ་པོ་རེད། ད་ལྟའི་རྒྱ་ནག་གཅིག་སྡུད་ཀྱི་སྲིད་གཞུང་དེར་འཕོ་འགྱུར་ཆེན་པོ་ཞིག་འགྲོ་ངེས་ཡིན་སྟབས། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་ཐབས་བྱུས་ཁོ་ན་ལས་མེད་པ་མ་ཡིན་པར། བོད་མིའི་ངོས་ནས་སྐབས་དེ་དང་དེ་ལ་གཞིགས་པའི་སྲིད་བྱུས་དང་གྲ་སྒྲིག་ངེས་པར་དུ་གནང་དགོས། ཞེས་ནན་ཏན་གྱིས་གསུངས་པ་དེ་ནི་༧གོང་ས་མཆོག་གམ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་གྱི་ངོ་བོའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་དང་དངོས་སུ་ཐུག་འཕྲད་ཐེངས་མང་བྱས་ནས་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཐབས་སུ་གྲོས་མོལ་བྱས་མྱོང་བའི་བཙན་བྱོལ་བོད་མིའི་ཆེས་གལ་གནད་ཆེ་བའི་མི་སྣ་ཞིག་གིས་ལོ་ངོ་ ༧༠ ཙམ་གྱི་བོད་དོན་འཐབ་རྩོད་དང་བོད་རྒྱའི་འབྲེལ་ལམ་སོགས་ལ་ཉམས་མྱོང་རྒན་པོའི་སྙིང་གཏམ་ཞིག་ཆགས་ཡོད་པས་སྐབས་དེར་ཁོང་གི་གསུངས་པའི་བཀའ་མོལ་དེ་དག་ལ་བོད་ཕྱི་ནང་གཉིས་ནས་དོ་སྣང་ཆེན་པོས་གླེང་སློང་བྱས་ཡོད་ལ། དེ་ངེས་པར་དུ་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད། འོན་ཀྱང་གླེང་སློང་ཙམ་གྱིས་མ་འགྲིགས་པར་ཁོང་རྣམ་པའི་བཀའ་མོལ་དེ་དག་མ་འོངས་པར་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཐབས་དང་། བོད་རྒྱའི་འབྲེལ་ལམ། བོད་དོན་འཐབ་རྩོད་སོགས་ཀྱི་སྲིད་ཇུས་འཆར་འགོད་ཀྱི་བྱ་བར་ངེས་པར་དུ་གཞི་འཛིན་བྱ་དགོས་པའི་གནད་དོན་ཞིག་ཆགས་ཡོད།

སྐབས་དེར་བོད་ནང་སློབ་གཉེར་གནང་བའི་ལོ་རྒྱུས་ཉམས་ཞིབ་པ་ཕོགས་རུ་བ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གནས་བབ་དང་འབྲེལ་ང་ཚོས་༸ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་གཞག་དེར་བདག་པོ་རྒྱག་དགོས་ཀྱི་འདུག སྐད་ཡིག་དང་། རིག་གཞུང། ལོ་རྒྱུས་གང་གི་ཐོག་ནས་ཀྱང་ང་ཚོ་བོད་དེ་རྒྱ་ནག་དང་ཐ་དད་ཡིན་པ། བོད་མི་དང་རྒྱ་མི་ཐ་དད་ཡིན་པ། བོད་དེ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང་། བོད་མི་དེ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པ། ༸རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་ཡིན་པ་དང་། བོད་རྒྱལ་ཁབ་ཀྱི་བདག་པོ་དང་མཚོན་རྟགས་ཡིན་པ། ང་ཚོའི་ལྷ་སྐལ་ཡིན་པ་བཅས་༸གོང་ས་མཆོག་དང་བོད་མིའི་དབར་གྱི་འབྲེལ་བའི་རྣམ་གཞག་དེ་ང་ཚོས་ངེས་པར་དུ་བདག་པོ་རྒྱག་དགོས་ཀྱི་འདུག་ཅེས་གསུངས་ཡོད་པས། ཁོང་གིས་གླེང་བའི་བཀའ་མོལ་འདིར་བཙན་བྱོལ་བོད་མིའི་རྒན་རབས་པ་དང་གནད་ཡོད་མི་སྣ་མང་པོས་དོ་སྣང་བྱས་ཡོད། ཆིག་སྒྲིལ་ནི་སྟོབས་ཤུགས་ཀྱི་བྱུང་རྩ་དང་། ཁ་ཐོར་ནི་ཉམས་རྒུད་ཀྱི་གཞི་རྩ་ཡིན་པས་བོད་ཀྱི་བདེན་དོན་ལ་གྲུབ་འབྲས་ལེན་དགོས་ན་ང་ཚོ་བོད་དང་བོད་མི་ཅེས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འདུ་ཤེས་དེ་སྲ་བརྟན་གནས་དགོས་པ་ནི་ང་ཚོའི་སྟོབས་ཤུགས་ཀྱི་མ་རྩ་ཡིན་པ་དང་། ༸གོང་ས་མཆོག་ནི་བོད་མི་རྣམས་ཆིག་སྒྲིལ་གྱི་ལམ་ལ་ཁྲིད་ཐུབ་མཁན་གྱི་བོད་མིའི་བླ་ན་མེད་པ་དང་གོང་ན་མེད་པའི་དབུ་ཁྲིད་དང་ཆིག་སྒྲིལ་གྱི་མཚོན་རྟགས་ཆགས་ཡོད་པས། ང་ཚོ་ཇི་སྲིད་ཆིག་སྒྲིལ་དུ་གནས་དགོས་ན་དེ་སྲིད་དུ་༸གོང་ས་མཆོག་ལ་འཛིན་པའི་སྤྱན་རས་གཟིགས་ཀྱི་རྣམ་བཞག་དེ་ང་ཚོ་བོད་མི་ཡོད་དོ་ཅོག་གི་སེམས་ལ་འགྱུར་མེད་དུ་གནས་དགོས་པ་དེ་བོད་སྤྱི་དང་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་ཕན་པའི་དོན་དག་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད།

གཞན་ཡང་སྐབས་དེར་གདན་ཞུས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་ནས་
དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱས་པ་ལ་བརྟེན་ནས་གཞིས་བྱེས་གཉིས་དབར་འབྲེལ་བ་བྱུང་བ་འདིས། བོད་དོན་འཐབ་རྩོད་ཐོག་ཕན་ནུས་ཆེན་པོ་ཐོན་ཡོད། སྤྱི་ལོ་ ༢༠༡༢ ནས་བཟུང་བོད་ནས་ཕེབས་མཁན་ཉུང་དུ་ཕྱིན་པ་དངོས་ཡོད་གནས་ཚུལ་ཡིན་ཀྱང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ནང་སྔར་ལས་དམ་དྲག་ཆེ་བའི་བྱ་ཐབས་བཟུང་བའི་རྐྱེན་གྱིས་ཡིན་པ་ལས། བོད་ནང་གི་བོད་མིའི་བློ་སེམས་གཏད་ཕྱོགས་ལ་འགྱུར་བ་ཕྱིན་ཏེ་བོད་ནས་ཕེབས་མཁན་ཉུང་དུ་ཕྱིན་པ་ཞིག་མིན་པ་གསལ་པོ་ཤེས་དགོས། ཞེས་གསུངས་པ་དེས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཕན་ནུས་དང་། གཞིས་བཞུགས་བོདམིའི་བློ་སེམས་གཏད་ཕྱོགས་ལ་འགྱུར་བ་མེད་པ་གསལ་སྟོན་བྱས་ཡོད། འོན་ཀྱང་ང་ཚོས་མ་འོངས་པར་བོད་ཕྱི་ནང་གི་བོད་མིའི་འབྲེལ་བ་དང་ཡིད་ཆེས་གཏན་གནས་ཐུབ་ཐབས་ལ་སྐྱར་ཞིབ་དང་འཆར་གཞི་དགོས་པ་གཟིགས་ཐུབ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ནས་ ༡) བོད་མིའི་འཐབ་བརྩོད་ཀྱི་དམངས་གཞིའི་ཐབས་བྱུས་ལ་བསྐྱར་ཞིབ་ཀྱིས་འགྱུར་བ་གཏོང་དགོས་པའི་དུས་ལ་བབས་འདུག ༡༩༥༩ ནས་ད་བར་ཐབས་བྱུས་དེའི་སྒྲོམ་གཞིར་ཀ་བ་བཞི་ཡོད། ༡༽ ༧རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་དབར་ལོ་རྒྱུས་ཀྱི་འབྲེལ་བ། ༢༽ བོད་མིའི་སྒྲིག་འཛུགས། ༣༽ རྒྱ་བལ་འབྲུག་གསུམ་ནང་སོ་ནམ་ཞིང་ལས་ལ་རྟེན་པའི་གཞིས་ཆགས་དང་། ༤༽ སྐྱབས་བཅོལ་བོད་མིའི་ངོ་བོ། ང་ཚོས་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་དབར་གྱི་འབྲེལ་བ་མེད་པ་བཟོ་ཐབས་བྱེད་བཞིན་པ་དེར་ཁ་གཏད་བྱེད་ཐུབ་པའི་འཐབ་བྱུས་ཤིག་དགོས།  བོད་མིའི་སྒྲིག་འཛུགས་ནི་ད་ཆ་མང་མོས་འོས་འདེམས་ལམ་ནས་བྱུང་བའི་གཞུང་ཞིག་ཡིན་ཀྱང་ང་ཚོའི་དམིགས་ཡུལ་ལྟེ་བ་དེ་དམངས་གཙོ་ལས་བོད་ཡུལ་ཆེད་འཐབ་བརྩོད་ཡིན་པར་གཟིགས་པའི་འཐབ་བྱུས་ཤིག་དགོས། ང་ཚོའི་གཞིས་ཆགས་ཁག་གི་ངོ་བོ་དེ་སོ་ནམ་ཞིང་ལས་ཁོ་ན་ལ་བརྟེན་མི་དགོས་པ་ཞིག་བཟོ་རྒྱུའི་འཐབ་བྱུས་ཤིག་དགོས། དེ་བཞིན་ང་ཚོས་རང་ཅག་བོད་མི་རྣམས་སྐྱབས་བཅོལ་བོད་མིའི་ངོ་བོ་ཁོ་ན་ལས་འཇེའུ་མི་རིགས་ལྟ་བུ་རྒྱལ་ཁབ་ཁག་གི་མི་སེར་གྱི་ངོ་བོའི་ཐོག་ནས་འཐབ་བརྩོད་ཀྱི་འཐབ་བྱུས་ཤིག་བཟོ་དགོས་འདུག ཅེས་གསུངས་པ་འདིས་བཙན་བྱོལ་བོད་མིའི་འཚོ་གནས་དང་བོད་དོན་འཐབ་རྩོད་ཀྱི་རྨང་གཞིའི་ཐབས་བྱུས་ལ་འགྱུར་བ་དགོས་པ། ལྷག་པར་དུ་༸གོང་ས་མཆོག་དང་བོད་མིའི་དབར་གྱི་འབྲེལ་ལམ་མེད་པར་གཏོང་བའི་རྒྱ་ནག་གི་སྲིད་ཇུས་ལ་ཁ་གཏད་ཀྱི་འཐབ་བྱུས་དགོས་པའི་དུས་ལ་བབས་ཡོད་པ་བརྗོད་ཡོད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཟུར་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ངང་ནས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གཏན་འབེབས་བྱས་པའི་ལས་དོན་ཁག་ལག་བསྟར་གྱིས་བོད་ནང་དམ་དྲག་དོ་དམ་བྱ་ཐབས་རྣམས་རྒྱུན་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་ལུགས་ཅན། ཚན་རྩལ་སོགས་ལ་བརྟེན་ནས་བྱ་ཐབས་ཁག་སྔར་བས་གཏིང་ཟབ་ངང་སྤེལ་བཞིན་ཡོད། དེ་བཞིན་བོད་མིར་རང་འགུལ་དུ་ཡོད་པའི་དབང་ནུས་རྣམས་ནུས་མེད་བཟོས་ཏེ་གཞན་འགུལ་འོག་འགྱུར་བཞིན་ཡོད། ཅེས་གསུངས་པ་འདིས་ད་ལྟའི་བོད་ནང་གི་གནས་བབས་དང་རྒྱ་ནག་གཞུང་གིས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་དེ་རྒྱ་ཡུལ་དུ་འགྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་གསལ་སྟོན་བྱས་ཡོད། གནད་དོན་འདིས་རང་རེ་བོད་མི་ཚོར་སྙིང་ལ་ན་ཟུག་ལངས་དགོས་པའི་འཇིགས་སྣང་ཞིག་བསྐྲུན་ཡོད་པས་ང་ཚོས་ངེས་པར་དུ་བོད་མིའི་འཚོ་གནས་ཙམ་མ་ཡིན་པར་བོད་དང་བོད་མིའི་མདུན་ལམ་ཆེད་དུ་ཚ་ཚ་འུར་འུར་གྱིས་བྱ་བ་སྒྲུབ་དགོས་པའི་དྲན་སྐུལ་བྱས་ཡོད།

ཀོ་ལོམ་བྷི་ཡ་གཙུགས་ལག་སློབ་ཆེན་དུ་འབུམ་རམ་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་ཀྱིས་ང་ཚོས་འཛམ་གླིང་ནང་ད་བར་བྱུང་ཟིན་པའི་བཙན་བྱོལ་ཀྱི་གཞུང་ངམ་སྤྱི་ཚོགས་མང་པོ་ཞིག་གི་ལོ་རྒྱུས་ལ་ཉམས་ཞིབ་བྱས་ན་བོད་ཕྱི་ནང་གི་བོད་མིའི་དབར་འབྲེལ་བ་དམ་ཟབ་ཡོད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོ་བློ་ཕམ་ཡོང་གཞིའི་ལས་ཀའི་རིགས་རྩ་བ་ནས་བྱེད་མི་རུང་ཅེས་གསུངས་ཡོད། ཁོང་གི་བཀའ་མོལ་འདི་ལས་ང་ཚོས་ཚོར་ཐུབ་པ་ཞིག་ནི་གཞིས་བྱེས་བོད་མིའི་འབྲེལ་ལམ་དམ་ཟབ་དགོས་པ་ཤིན་ཏུ་ནས་གལ་ཆེན་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་རྣམས་ནི་ང་ཚོའི་དོན་གྱི་བདག་པོ་ཡིན་པས་ཁོང་ཚོ་བློ་ཕམ་དང་ཡིད་ཆེས་བརླགས་པའི་ཉིན་མོ་དེ་ནས་ང་ཚོའི་འཐབ་རྩོད་ཀྱི་མ་རྩ་དང་ནུས་པ་རྩ་མེད་དུ་འགྲོ་བ་འགོ་ཚུགས་པ་ཡིན་པས། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་ཆོལ་ཁ་དང་ལུང་ཚན། ཆོས་ལུགས་དང་གྲལ་རིམ་སོགས་ཀྱི་འཐེན་འཁྱེར་གྱི་བསམ་བློ་དོར་ཏེ་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མིའི་བདེ་སྡུག་དང་། བོད་རྒྱལ་ཁབ། བོད་མི་ཅེས་པའི་ཚོར་བ་དང་འདུ་ཤེས་ཡོད་པའི་ཐོག་ནས་ཆིག་སྒྲིིལ་དགོས་པ་དེ་ནི་ང་ཚོའི་ཕུགས་མདུན་མངོན་འགྱུར་ཡོང་བའི་མ་རྩ་ཞིག་ཡིན་པ་མཁྱེན་རྟོགས་དགོས།

གཞན་ཡང་སྐབས་དེར་ཚོགས་བཅར་བ་རྣམ་པས་ཉིན་གཉིས་རིང་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་སྨན་པའི་དགོངས་འཆར་སྣ་མང་བགྲོ་གླེང་གནང་ཡོད་པ་དང་། ཚོགས་བཅར་བ་ཚོས་བོད་ཀྱི་མདུན་ལམ་གྱི་བཞུགས་མོལ་ལྷན་ཚོགས་འདི་རྒྱུན་འཁྱོངས་གནང་ཐུབ་ན་ཕན་ཐོག་ངེས་ཅན་ཡོད་པས་གོ་སྒྲིག་ཚོགས་ཆུང་ལ་ལས་དོན་འདི་རྒྱུན་འཁྱོངས་དགོས་པའི་འབོད་སྐུལ་ཡང་ཡང་གནང་ཡོད་པས། ང་ཚོས་ཐོག་མའི་དམིགས་ཡུལ་ལྟར་བོད་རྒྱལ་ཁབ་དང་བོད་མིའི་མ་འོངས་པའི་མདུན་ལམ་ཆེད་དུ་ང་ཚོས་མུ་མཐུད་ལས་འགུལ་འདི་རྒྱུན་འཁྱོངས་བྱ་རྒྱུ་ཡིན།