བོད་ཀྱི་མདུན་ལམ།
བོད་ནི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་ཨེ་ཤེ་ཡའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་གི་ལོ་རྒྱུས་རང་བཞིན་གྱི་གནད་དོན་མང་པོར་བར་གནས་སུ་བསྡད་དེ་ཁེར་རྐྱང་དུ་རང་བཙན་གཙང་མར་རྒྱུན་གནས་ཐུབ་ཐབས་བྱས་ཡོད། འོན་ཀྱང་དུས་རབས་ཉི་ཤུ་པའི་ནང་རྒྱ་གར་དབྱིན་གཞུང་དང་མན་ཇུ་གཉིས་ཀྱིས་བོད་ལ་ཆབ་སྲིད་དང་དམག་གི་དབང་ཤུགས་སྤེལ་ཐབས་བྱས་ཡོད་ཀྱང་། ལེགས་གྲུབ་བྱུང་ཐུབ་མེད་པ་མ་ཟད། འཛམ་གླིང་དམག་ཆེན་རིམ་པ་གཉིས་ཀྱི་སྐབས་སུ་ཡང་བོད་ལ་ཤུགས་རྐྱེན་གང་ཡང་ཐེབས་ཐུབ་མེད་པར་། སྔར་རྒྱུན་བཞིན་གླིང་ཆེན་ཨེ་ཤི་ཡའི་མིའི་རིགས་ཀྱི་འཚོ་གནས་དང་ཁོར་ཡུག་གི་རྟེན་གཞིར་གྱུར་བའི་ཆུ་བོ་ཁག་གི་འབྱུང་ཁུངས་ཏེ་འཛམ་གླིང་གི་ཡངས་རྩེའི་ཆོས་ལྡན་ཞི་བདེའི་རྒྱལ་ཁབ་ཞིག་ཏུ་གནས་ཡོད།
འོན་ཀྱང་སྤྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་སྐབས་བོད་དམག་ལ་ཕམ་ཉེས་བྱུང་ཏེ་སྤྱི་ལོ་ ༡༩༥༩ ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། རྒྱ་དམར་གཞུང་གིས་བོད་ས་ཡོངས་སུ་དབང་བསྒྱུར་བྱས་ཏེ་བོད་ཀྱི་ཆོས་སྲིད་དང་སྣོད་བཅུད་གཏོར་བརླག་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གདལ་བཤིག་ཚབས་ཆེན་བཏང་ཡོད། སྤྱི་ལོ་ ༡༩༨༠ ནང་སྲིད་ཇུས་གུ་ཡངས་ཅུང་ཙམ་བྱུང་ཡང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་བར་ད་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། མི་རིང་བར་བོད་ཀྱི་སྐད་ཡིག་རིག་གཞུང་དང་བོད་མིའི་ངོ་བོ་རྩ་མེད་འགྲོ་སྲིད་པའི་ཉེན་ཁའི་འོག་ལྷུང་ཡོད།
འོན་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་བཙན་བྱོལ་བོད་གཞུང་གསར་འཛུགས་ཞུས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་ན་གཞོན་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་སྤྲོད་རྒྱུའི་འགན་ཁུར་བླངས་ཡོད་པ་དེར་གྲུབ་འབྲས་གང་ཙམ་ཐོན་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་རིན་ཐང་ལ་འཛམ་གླིང་གང་ས་ནས་དོ་སྣང་གསར་པ་ཞིག་འདྲེན་ཐུབ་པ་ནི་དུས་རབས་ཉི་ཤུའི་ནང་གི་ཆེས་ངོ་མཚར་ལྡན་པའི་གྲུབ་འབྲས་ཤིག་ཆགས་ཡོད། གཞན་ཡང་རྒྱལ་ཞེན་ལྷག་བསམ་ལྡན་པའི་བོད་ཕྱི་ནང་གི་སྤུན་ཟླ་ཚོས་དཀའ་ངལ་སྣ་མང་ལ་གདོང་ལེན་གྱིས་བློས་གཏོང་ཆེན་པོས་བོད་ཀྱི་བདེན་དོན་འཐབ་རྩོད་རྒྱུན་འཁྱོངས་བྱས་ཡོད་པ་དེས་སྐབས་ཤིག་གི་རིང་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་གནད་དོན་གལ་ཆེའི་གྲལ་དུ་བསྐྱལ་ཐུབ་པ་བྱུང་ཡོད།
ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོ། རྒྱལ་སྤྱིིའི་ནང་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་སོགས་ལ་བསམ་གཞིགས་ཤིག་བྱས་ཚེ་ང་ཚོ་བོད་དང་བོད་མིའི་གནད་དོན་དེ་ཆེས་ཛ་དྲག་དང་གལ་གནད་ཆེ་བའི་དུས་རིམ་ཞིག་ལ་བསླེབས་ཡོད་པས། ང་ཚོས་འདས་དོན་ལ་བསྐྱར་ཞིབ་དང་འབྱུང་འགྱུར་ལ་བསམ་གཞིགས་ཀྱིས་ངེས་པར་དུ་ནུས་པ་ལྡན་ལ་ཁ་ཕྱོགས་མ་ནོར་བའི་གོམ་སྟབས་ཤིག་སྤོ་ཐུབ་པ་བྱ་དགོས། དུས་སྐབས་འདིར་ང་ཚོས་བོད་རྒྱལ་ཁབ་དང་། བོད་མི། བོད་ཀྱི་སྐད་ཡིག་རིག་གཞུང་བཅས་ཀྱི་མདུན་ལམ་ཇི་འདྲ་ཆགས་མིན་ལ་བསམ་གཞིགས་བྱེད་དགོས་པའི་དུས་ལ་བབས་ཡོད།
མ་འོངས་བོད་དང་བོད་མིའི་མདུན་ལམ་གྱི་ཆེད་དུ་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱ་ཕྱོགས་དང་། ཁོར་ཡུག་སྲུང་སྐྱོབ་བྱ་ཕྱོགས། བོད་ཕྱི་ནང་གི་འབྲེལ་ལམ་ཡར་རྒྱས་རྒྱུན་འཁོངས་ཡོང་ཐབས། བོད་མིའི་ངོ་བོ་གསོན་གནས་ཐུབ་ཐབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་ཡོང་ཐབས། རྒྱལ་སྤྱིའི་ནང་བོད་དོན་ལས་འགུལ་གྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས། མི་རབས་གསར་པའི་བོད་ཀྱི་ན་གཞོན་ཚོར་བོད་མིའི་ལ་རྒྱ་དང་ངོ་བོ་གཏན་འཇགས་ཡོང་ཐབས། ལྷག་པར་དུ་བོད་ཀྱི་རྩ་དོན་འཐབ་རྩོད་གཙོ་བོར་འཛིན་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་སོགས་ལ་བོད་མི་མང་པོར་རེ་དྭོགས་ཀྱི་བསམ་ཚུལ་ཅི་རིགས་ཤིག་ཡོང་བཞིན་ཡོད་པས། བོད་ཀྱི་མདུན་ལམ་ལས་འགུལ་འདིས་གལ་ཆེའི་གནད་དོན་ཁག་ལ་ཐུགས་སྣང་ཆེ་ལ་རྣམ་དཔྱོད་ཅན་གྱི་བོད་མི་ཚོའི་དོན་དངོས་དང་མཐུན་པ། གནད་ལ་ཁེལ་བ། ཐབས་ཇུས་ལྡན་པ། ལག་ལེན་ལ་འགེལ་ཐུབ་པ་བཅས་མ་འོངས་བོད་དང་བོད་མིའི་མདུན་ལམ་ལ་ཕན་ནུས་ངེས་ཅན་ཡོད་པའི་ཕུལ་བྱུང་གི་དགོངས་འཆར་དང་རྩོམ་ཡིག་ཁག་བསྡུ་སྒྲིག་ཞུས་ཏེ་དཔེ་དེབ་པར་སྐྲུན་དང་དྲ་བརྙན་བཟོ་བསྐྲུན་གྱིས་བོད་ཕྱི་ནང་གི་སྲིད་འབྱོར་རིག་གསུམ་དང་འབྲེལ་བའི་ལས་དོན་ལ་ཁྱོན་ཡོངས་ནས་ནུས་པ་མཐོར་འདེགས་གཏོང་ཐབས་ཞུ་རྒྱུ་ཡིན།
