ཕེ་རི་སི་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ལ་ཕྱིར་ལྟ་བ།
བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གཉིས་པ་དེ་སྤྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཧྥ་རན་སིའི་གྲོང་ཁྱེར་པེ་རི་སིར་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཨ་རི་དང་། ཁེ་ན་ཊ། དབྱིན་ཇི། ཡུ་རོབ་སོགས་ནས་ཁྱོན་ཚོགས་བཅར་བ་གྲངས་ ༥༠ ཙམ་གྱིས་མཉམ་ཞུགས་བྱས་ཏེ་མ་འོངས་བོད་ཀྱི་གནས་སྟངས་ཐོག་ལ་བགྲོ་གླེང་ལྷུག་པོ་བྱས་ཡོད་པ་རེད། བོད་ཀྱི་མདུན་ལམ་ལྷན་ཚོགས་ཐེངས་དང་པོ་དེ་ཨ་རིའི་རྒྱལ་སའི་ཁུལ་དུ་སྤྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༩ ནས་ ༡༠ ཉིན་གཉིས་རིང་ཚོགས་ཡོད་པ་རེད།
ཉིན་དང་པོ།
ཟླ་ ༡༡ ཚེས་ ༢༥ ཉིན་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ Institut national des langues et civilisations orientales (INALCO).རུ་ཚོགས་ཡོད་པ་དང་། ཕེ་རི་སི་དོན་གཅོད་ལས་ཁུངས་ཀྱི་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་ཚོར་འཚམས་འདྲིའི་བཀའ་སློབ་གནང་བ་དང་། གོ་སྒྲིག་གནང་མཁན་བཀྲས་མཐོང་དབང་པོ་ལགས་དང་འཆི་མེད་ལྷ་མོ་ལགས་གཉིས་ནས་དབུ་འཛུགས་འཚམས་འདྲི་གནང་། གོ་སྒྲིག་པ་བདེ་ཆེན་སྤེན་པ་ལགས་ནས་སྐབས་འདིའི་བཞུགས་མོལ་ལྷན་ཚོགས་ཐོག་ནས་ཕན་ནུས་ལྡན་པའི་གྲུབ་འབྲས་ཞིག་ཡོང་བའི་རེ་བ་བྱེད་བཞིན་པ་དང་། ལྷག་པར་དུ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་༡)༧གོང་ས་མཆོག་དང་ཁོང་གི་སྔ་ཕྱིའི་ཡང་སྲིད་དབར་གྱི་བར་བརྒལ་དུས་སྐབས། ༢)བོད་ཀྱི་མང་གཙོའི་བསམ་འདུན་དང་གདོང་ལེན། ༣)རྒྱལ་སྤྱིའི་ནང་གི་བོད་དོན་ལས་འགུལ། ༤)གང་ཟག་སྒེར་སོ་སོའི་ངོས་ནས་འཐབ་རྩོད་དང་། རིག་གཞུང་། སྒྱུ་རྩལ་སོགས་ཀྱི་ཐོག་འགན་ཁུར་བྱ་ཕྱོགས་བཅས་ཧ་ཅང་གལ་ཆེན་ཡིན་པ་ངོ་སྤྲོད་གནང་ཡོད་པ་རེད། གསུང་བཤད་གནང་མཁན་དང་པོ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཨ་རིའི་ཝ་ཤིན་ཊོན་དི་སིའི་ཁུལ་ནས་དྲ་ཐོག་ལ་གསུང་བཤད་གནང་བ་དང་། ཁོང་གིས་སྤྱན་རས་གཟིགས་ཀྱི་རྣམ་གཞག་ཐོག་ནས་༧གོང་ས་མཆོག་དང་བོད་མིའི་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
གསུང་བཤད་གནང་མཁན་གཉིས་པ་འབུམ་རམས་སློབ་མ་ལྷོད་སྐྱིད་ཚང་ཟླ་བ་ལགས་ཀྱིས་བརྙན་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ཐོག་ནས་བོད་ཀྱི་མ་འོངས་པར་གཟིགས་ཚུལ་ཇི་ཡོད་གསུངས་པ་དང་། ཁོང་གིས་ཨ་རི་དང་ཁེ་ན་ཊ་སོགས་ནས་བོད་མི་ཚོས་གནས་ཡུལ་ས་གནས་ཀྱི་ཆབ་སྲིད་བྱ་གཞག་སྒྲུབ་མཁན་ཐོན་བཞིན་པ་དང་། བོད་མི་ཚོས་འདི་ལྟ་བུའི་གོ་སྐབས་བཟང་པོ་དམ་འཛིན་གྱིས་བོད་འདི་རྒྱ་ནག་གི་ཆ་ཤས་མིན་པའི་ངོས་འཛིན་ཡོང་ཐབས་དང་བོད་མིའི་ནང་ཁུལ་ཆིག་སྒྲིལ་ཡོང་ཐབས་དགོས་པ་སོགས་ལ་སྐུལ་མ་གནང་ཡོད།
གསུང་བཤད་གནང་མཁན་མཐའ་མ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ས་གནས་ལ་དངོས་སུ་ཕེབས་ནས་བོད་མི་སྒེར་སོ་སོའི་ངོས་ནས་བོད་དོན་འཐབ་རྩོད་ཐོག་ལ་འགན་ཁུར་བཞེས་དགོས་པ་དང་། བོད་རིགས་འདྲེས་མ་དང་བོད་སྐད་མ་ཤེས་པ་ཡིན་ན་ཡང་བོད་དོན་ཐོག་འགན་ཁུར་བཞེས་དགོས་པ་གསུངས་སོང་།
INALCO བོད་རིག་པའི་སློབ་དཔོན་ Françoise Robin ལགས་ཀྱིས་མཇུག་བསྡུའི་ལས་རིམ་དང་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོད་པའི་བོད་ཀྱི་བུད་མེད་ཀྱི་གནས་སྟངས་ཐོག་ལ་དགོངས་ཚུལ་གསུངས་ཡོད་པ་རེད།
དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཚོགས་བཅར་བ་རྣམས་མཚོ་འགྲམ་གྱི་གྲུ་གཟིངས་ནང་དགྱེས་འཛོམས་ཀྱིས་དགོང་དྲོའི་གསོལ་ཚིག་དང་། སྙན་ངག་གྱེར་འདོན། ས་གནས་ཀྱི་སྒྱུ་རྩལ་བ་ཚོའི་གཞས་སྣ་གཟིགས་འབུལ་སོགས་ལ་རོལ་ནས་དེ་ཉིན་གྱི་ལས་རིམ་ཡོངས་སུ་གྲུབ།
ཉིན་གཉིས་པ།
ཟླ་ ༡༡ ཚེས་ ༢༦ ཉིན་བགྲོ་གླེང་དང་གཟབ་སྦྱོང་སྤྲོད་སའི་ས་གནས་ཞིག་ལ་སྤོས་པ་དང་། ལས་རིམ་དང་པོ་དེ་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ས་གནས་ལ་ཐད་ཀར་འབྲེལ་བ་ཡོད་པའི་མཁས་པའི་གཏམ་བཤད་བགྲོ་གླེང་དང་མ་འོངས་བོད་ཀྱི་གནས་སྟངས་ཐོག་ལ་ཡང་དགོངས་ཚུལ་བརྗེ་ལེན་གནང་ཡོད་པ་རེད།་
ལས་རིམ་དེའི་ཐོག་བཙན་བྱོལ་བོད་མིའི་གནས་བབ་དང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཐོག་ལ་ཡང་བགྲོ་གླེང་གནང་ཡོད། སྐབས་དེར་གྲོས་ཚོགས་འཐུས་མི་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་། འཐབ་རྩོད་པ་ཚེ་རིང་པ་སངས་ལགས་ཀྱིས་བོད་མི་ཚང་མས་མཉམ་ཞུགས་དང་མཁྱེན་རྟོགས་ཡོང་སླད་བོད་ཀྱི་གྲོས་ཚོགས་ནང་བོད་སྐད་དང་དབྱིན་སྐད་ཟུང་ལྡན་བེད་སྤྱོད་བྱ་སྲིད་པའི་སྐོར་ལ་དགོངས་འཆར་གསུངས་ཡོད་པ་རེད།
རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་མདུན་ལམ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་མཁན་གསུམ་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གྲང་ཉུང་མི་རིགས་ཀྱི་སྲིད་ཇུས་འོག་ནས་བོད་ཀྱི་སྐད་ཡིག་དང་། གོམ་སྲོལ། ཆོས་ལུགས། འཁོར་ཡུག་སོགས་བོད་པའི་སྤྱི་ཚོགས་འཚོ་གནས་ཐུབ་རྒྱུར་དཀའ་ངལ་ཡོང་རྒྱུ་ཡིན་པ་སོགས་ཀྱི་ཐོག་དགོངས་འཆར་གསུངས་ཡོད།
དབྱིན་སྐད་ཐོག་གི་གཞོན་ནུའི་བགྲོ་གླེང་དེ་གདུངས་དཀར་རྒྱལ་ལགས་ཀྱིས་གཙོ་སྐྱོང་དང་། ཁེ་ན་ཊ་ནས་འཆི་མེད་ལྷ་མོ་ལགས་དང་། ཧྥ་རན་སི་ནས་རྡོ་རྗེ་ལྷ་མོ། ནེ་རྡར་ལཎ་ནས་ཀུན་གསལ་རྡོ་རྗེ་བཅས་ཀྱིས་བགྲོ་གླེང་གནང་ཡོད། གཞོན་ནུའི་བགྲོ་གླེང་ཐོག་ནུས་པ་ལྡན་པའི་བོད་དོན་འཐབ་རྩོད་ཡོང་ཐབས་ཀྱི་གལ་གནད་གླེང་ཡོད་། སྐབས་དེར་གཞོན་སྐྱེས་ཚོས་འགོ་ཁྲིད་ཀྱི་ནུས་པ་མ་སྐྱོ་བའི་གནད་དོན་གླེང་ཡོད་པ་དང་། དེ་ནི་བོད་དོན་འཐབ་རྩོད་ལ་ཁ་ཕྱོགས་གསལ་པོ་ཞིག་མེད་ཚེ་འགན་ཁུར་བྱ་རྒྱུར་དཀའ་ཚེགས་ཡོང་བཞིན་ཡོད་པ་དང་། མི་རབས་རྒན་གཞོན་དབར་བསམ་ཚུལ་བརྗེ་ལེན་དང་བོད་ཕྱི་ནང་གི་བོད་མིའི་ཚོའི་ནང་ཁུལ་མཐུན་ལམ་གལ་ཆེན་ཡིན་པ་ཡང་གསུངས་སོང་།་
ཕྱི་དྲོའི་ལས་རིམ་ཐོག་གཟབ་སྦྱོང་གནང་ཡོད།
ཕྱི་དྲོའི་ལས་རིམ་སྐབས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་མཁས་དབང་རྒྱ་ལོ་ལགས་གཉིས་ནས་ཁོང་རྣམ་པའི་མི་ཚེའི་ནང་དུས་ཡུན་རིང་པོར་ཕྱག་ལས་གནང་བའི་ཉམས་མྱོང་སོགས་གཞོན་སྐྱེས་ལ་འགྲེལ་བརྗོད་དང་། དེ་རྗེས་དྲི་བ་དྲི་ལན་ཡང་གནང་ཡོད་པ་རེད།
ཉིན་གསུམ་པ།
ཉིན་གསུམ་པའམ་ལས་རིམ་མཐའ་མའི་སྐབས་ཚོགས་འདུའི་སྐོར་ལ་དགོངས་འཆར་གང་འདྲ་བྱུང་ཡོད་མེད་ཐོག་དུས་ཚོད་བཏང་ཡོད་པ་དང་། སྐབས་དེར་མཁས་དབང་རྒྱ་ལོ་ལགས་ནས་དགོངས་འཆར་གནང་བ་དང་སྦྲ་རིགས་ཐོག་མེད་ལགས་ནས་དེ་དང་འབྲེལ་ནས་དགོངས་འཆར་གནང་ཡོད། སྐབས་དེར་ཁོང་རྣམ་པས་བོད་མི་ཚོས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ་མཁྱེན་རྟོགས་དགོས་གལ་དང་། ཆབ་སྲིད་དང་། རིག་གཞུང་། སྤྱི་ཚོགས་སོགས་ཀྱི་འབྲེལ་ལམ་ཐོག་གསལ་ཁ་དགོས་པ་སོགས་གསུངས་ཡོད།
མཐའ་མའི་ལས་རིམ་ནང་ཉིན་གཉིས་ཀྱི་གཟབ་སྦྱོང་ལ་མཇུག་བསྡོམས་རྒྱབ་ཡོད།
ཕེ་རི་སིའི་ཚོགས་འདུའི་སྐོར་གྱི་བརྙན་དེ་དག་ང་ཚོའི་ཡུ་ཊུབ་ཐོག་ནས་གསན་གཟིགས་གནང་ཐུབ།