མེས་པོའི་ལོ་རྒྱུས་གསལ་བའི་གངས་རིའི་ཞིང་། །ཐུགས་བསྐྱེད་དུས་སུ་སྨིན་པའི་གངས་ཅན་མགོན།།
ཕྱག་ན་པདྨོའི་ཐུགས་རྗེའི་གྲིབ་བསིལ་འོག །གངས་ཅན་པ་རྣམས་ནམ་ཡང་འཚོ་ཞིང་གནས།།

 
ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གི་གནས་སྟངས་སོགས་ལ་བསམ་གཞིགས་ཤིག་བྱས་ཚེ་ང་ཚོ་བོད་དང་བོད་མིའི་གནད་དོན་དེ་ཆེས་ཛ་དྲག་དང་གལ་གནད་ཆེ་བའི་དུས་རིམ་ཞིག་ལ་བསླེབས་ཡོད་པས། ང་ཚོས་འདས་དོན་ལ་བསྐྱར་ཞིབ་དང་འབྱུང་འགྱུར་ལ་བསམ་གཞིགས་ཀྱིས་བོད་ཀྱི་མ་འོངས་པའི་ཆབ་སྲིད་དང་། བོད་མིའི་ངོ་བོ། སྐད་ཡིག རིག་གཞུང་བཅས་སྲུང་སྐྱོབ་ཀྱི་ལས་དོན་ལ་ནུས་པ་ལྡན་ལ་ཁ་ཕྱོགས་མ་ནོར་བའི་གོམ་སྟབས་ཤིག་ཅི་ནས་ཀྱང་སྤོ་ཐུབ་པ་བྱ་དགོས་པའི་དུས་ལ་བབས་ཡོད་པས། ང་ཚོ་དང་བླངས་པ་སྐོར་ཞིག་གིས་སེམས་ཚབས་ཆེན་པོས་བོད་ཀྱི་མ་འོངས་པའི་མདུན་ལམ་ཞེས་པའི་ལས་འགུལ་ཞིག་སྤྱི་ལོ་ ༢༠༢༢ ཟླ་ ༤ ནས་འགོ་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་། ཡུ་རོབ་ཀྱི་ཧྥ་རན་སིའི་ཕེ་རི་སི་གྲོང་ཁྱེར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་བཅས་སུ་ལྷན་ཚོགས་ཐེངས་བཞི་འཚོགས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འཕྲུལ་རིག མི་འབོར། ཁོར་ཡུག སྤྱི་ཚོགས་སོགས་འབྲེལ་ཡོད་ཀྱི་བརྗོད་གཞི་མང་པོར་བགྲོ་གླེང་བྱས་ཡོད།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་ལྔ་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྒྱ་གར་རྡ་རམ་ས་ལར་ ༢༠༢༣ ཟླ་ ༡༡ ཚེས་ ༥ ནས་ ༡༠ བར་སྐོང་འཚོགས་ཞུས་ཡོད་པ་དང་། ཡོང་འཛིན་གླིང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་མཆོག་དང་། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ལྷན་ཚོགས་འདིར་ཆེད་དུ་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ། འཛམ་གླིང་རྒྱལ་ཁབ་ཁག་བདུན་ཙམ་ནས་ཕེབས་པའི་ཚོགས་བཅར་བ་གྲངས་ (༩༠) ལྷག་ཙམ་མཉམ་ཞུགས་ཀྱིས་དུས་ཡུན་ཉིན་གྲངས་ལྔའི་རིང་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་བགྲོ་གླེང་གྲོས་བསྡུར་ལྷུག་པོ་བྱུང་ཡོད། བགྲོ་གླེང་ཐོག་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བསམ་ཚུལ་བསླེབས་ཐུབ་ཡོད། ལྷན་ཚོགས་ཐོག་ཚོགས་བཅར་བ་རྣམས་ཀྱིས་བོད་ཀྱི་གནས་སྟངས་ལ་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་བ་བརྒྱུད། འདས་པའི་ལོ་རྒྱུས་ཐོག་བོད་ཀྱི་གནས་བབ་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་གཅིག་གྱུར་གྱིས་ངོས་འཛིན་བྱུང་ཡོད་པ་ནི།

༡༽ བོད་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཨེ་ཤེ་ཡའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་གི་ལོ་རྒྱུས་རང་བཞིན་གྱི་གནད་དོན་མང་པོར་བར་གནས་སུ་བསྡད་དེ་ཁེར་རྐྱང་དུ་རང་བཙན་གཙང་མར་རྒྱུན་གནས་ཐུབ་ཐབས་བྱས་ཡོད། དུས་རབས་ཉི་ཤུ་པའི་ནང་རྒྱ་གར་དབྱིན་གཞུང་དང་མན་ཇུ་གཉིས་ཀྱིས་བོད་ལ་དབང་སྒྱུར་དང་། ཆབ་སྲིད་ཀྱི་དབང་ཤུགས་སྤེལ་ཐབས་བྱས་ཡོད་ཀྱང་ལེགས་གྲུབ་བྱུང་ཐུབ་མེད་པ་མ་ཟད། འཛམ་གླིང་དམག་ཆེན་རིམ་པ་གཉིས་ཀྱི་སྐབས་སུ་ཡང་བར་གནས་སུ་བསྡད་དེ་སྔར་རྒྱུན་བཞིན་གླིང་ཆེན་ཨེ་ཤེ་ཡའི་མིའི་རིགས་ཀྱི་འཚོ་གནས་དང་། ཁོར་ཡུག་གི་རྟེན་གཞིར་གྱུར་བའི་ཆུ་བོ་ཁག་གི་འབྱུང་ཁུངས་ཏེ་འཛམ་གླིང་གི་ཡངས་རྩེར་ཆོས་ལྡན་གྱི་ཞིང་ཁམས་ཞེས་ཞི་བདེའི་རྒྱལ་ཁབ་ཅིག་ཏུ་གནས་ཡོད།

༢༽ སྤྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་སྐབས་བོད་དམག་ལ་ཕམ་ཉེས་བྱུང་སྟེ་སྤྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་ལོ་རྒྱུས་ཡུན་རིང་ལྡན་ཞིང་བོད་མི་ཡོངས་ཀྱིས་ངོས་འཛིན་ཡོད་པའི་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་རྒྱུན་འཛིན་གནང་བ་དང་། མ་འོངས་སྔོན་གཟིགས་དང་མཁྱེན་རྒྱ་ཡངས་པའི་འཆར་འགོད་དང་ལམ་སྟོན་འོག བཙན་བྱོལ་བོད་གཞུང་དེ་བཞིན་རང་དབང་མང་གཙོའི་ལམ་དུ་སྣེ་ཁྲིད་མཛད་པ་དང་། ཨེ་ཤེ་ཡ་ནང་མའི་(Inner Asia)བོད་འདི་ཞི་བདེ་དང་། རང་དབང་། མང་གཙོ་ལྡན་པའི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་རྨི་ལམ་གསར་གཏོད་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་གོ་རྟོགས་དང་རྩ་དོན་འཐབ་རྩོད་ཀྱི་འགན་ཁུར་ལས་དོན་རྒྱུན་ཁྱོངས་གནང་ཡོད་པ་མ་ཟད། ལྷག་པར་གནའ་དེང་གི་ཤེས་ཡོན་ལྡན་པའི་མི་རབས་གསར་པའི་དཔུང་ཚོགས་ཤིག་གསོ་སྐྱོང་གནང་ཡོད་པ་འདིས་བོད་ཀྱི་མ་འོངས་པར་རེ་བའི་སྟོབས་ཤུགས་སྦྱིན་ཡོད།

༣༽ བོད་ནང་སྤྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་ཁྲིམས་འགལ་དང་བཙན་འཛུལ་གྱིས་བོད་ས་ཡོངས་རྫོོགས་དབང་སྒྱུར་བྱས་རྗེས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྣོད་བཅུད་སོགས་ལ་གཏོར་བརླག་ཚབས་ཆེན་བཏང་དང་གཏོང་མུས་ཡིན་པ་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་སུ་ཡོད། ད་ལྟའི་ཞི་ཅིང་ཕིན་གྱིས་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་ལ་དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་བཞིན་པ་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་མིའི་ངོ་བོ་བཅས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལ་མངོན་གསལ་དོད་པོས་ནུས་ཤུགས་འདོན་བཞིན་ཡོད།

གཞན་ཡང་ལྷན་ཚོགས་འདི་བརྒྱུད་ནས་ཚོགས་བཅར་བ་ཡོངས་ཀྱིས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་སེམས་འཚབ་ཆེན་པོས་གནད་དོན་གལ་ཆེན་ཁག་གཅིག་གི་ཐོག་འབོད་སྐུལ་དང་ནན་བརྗོད་ཞུ་རྒྱུ་ནི།

༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དང་བོད་མི་རྣམས་ནི་གང་གི་གདུལ་བྱ་ཡིན་པ་དང་། ཚེ་རབས་ནས་ཚེ་རབས་བར་དུ་༸གོང་ས་མཆོག་དང་བོད་མིའི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་རྒྱུན་གནས་ཡོང་དགོས་རྒྱུར་ངོས་འཛིན་གཅིག་གྱུར་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངེས་པར་དུ་ཕེབས་གནང་ཡོང་བའི་འབོད་སྐུལ་གསོལ་འདེབས་ཞུ་རྒྱུ་ཡིན།

༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ་མཆོག་གི་བར་བརྒལ་གྱི་དུས་སྐབས་སུ་རྒྱ་ནག་གཞུང་གིས་སིམ་འཛུལ་དང་གཡོ་ཇུས་ལ་གདོང་ལེན་གྱི་གྲ་སྒྲིག་དགོས་པ་ཧ་ཅང་གལ་ཆེན་ཡིན་པས། སྐབས་དེར་ནུས་པ་ལྡན་པའི་སྐུ་ཚབ་ཅིག་ངེས་པར་དུ་བསྐོ་བཞག་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།

༣༽ བོད་དང་བོད་མིའི་ཐུན་མོང་གི་དམིགས་ཡུལ་དང་མདུན་ལམ་དེའི་ཆེད་དུ་འཆམ་མཐུན་གྱི་ཁོར་ཡུག་ཅིག་དང་། ནུས་ལྡན་གྱི་འཐབ་རྩོད་ཅིག་ཡོད་དགོས་པས། བསམ་ཚུལ་དང་། ལངས་ཕྱོགས། ལས་ཕྱོགས་སོགས་སྣ་ཚོགས་རང་བཞིན་ལྡན་པའི་འཆམ་མཐུན་གྱི་སྟོབས་ཤུགས་དང་སྣ་མང་གི་ནུས་པ་ཡོད་པའི་འཐབ་རྩོད་བྱ་མཁན་གྱི་མི་རབས་ཤིག་དང་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུར་ངེད་ཚོགས་བཅར་བ་ཡོངས་ཀྱིས་མ་སྐུལ་དང་བླངས་ངང་དམ་བཅའ་འབུལ་རྒྱུ་དང་། ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་བོད་མི་ཡོངས་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

༤༽ རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་གོང་སྤེལ་དང་གོ་སྐབས་དམ་འཛིན་ཡོང་སླད་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་དཀར་ནག་གཉིས་ཀྱི་གནས་བབ་ལ་རྒྱུན་ཆད་མེད་པར་ཞིབ་ཚགས་པོས་དབྱེ་ཞིབ་བྱེད་དགོས་པ་མ་ཟད། བོད་ཀྱི་གནད་དོན་ལ་ཕན་ཐོགས་ཡོད་པའི་གོ་སྐབས་གཅིག་ཀྱང་མ་ལུས་པར་ལེན་ཐུབ་པ་བྱེད་དགོས།

༥༽ གཞིས་བྱེས་བོད་མིའི་དབར་གྱི་ཡིད་ཆེས་དང་བརྩེ་བ་ནི་ནམ་ཡང་བསུབ་ཐབས་མེད་པའི་འགྱུར་མེད་རྟག་བརྟན་གྱི་ངོ་བོར་གྲུབ་ཡོད་ཀྱང་། བཙན་བྱོལ་བོད་མིའི་གོང་འོག་བར་གསུམ་ཚང་མས་གཞིས་བཞུགས་བོད་མིའི་མངོན་འདོད་དང་བདེ་སྡུག་ལ་དགོངས་བཞེས་ཀྱིས་ནང་ཁུལ་བསམ་ཤེས་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་དགོས་པ་མ་ཟད། ང་ཚོའི་ཐུན་མོང་གི་དགྲ་བོར་ངོས་འཛིན་གཅིག་གྱུར་ཐོག་གཞིས་བཞུགས་བོད་མི་ཚོ་ཡིད་ཆད་དང་བློ་ཕམ་མ་ཡོང་བ་བྱ་དགོས་པ་དྲན་སྐུལ་ཞུ་རྒྱུ་ཡིན།

༦༽ རྒྱ་གར་དང་། ཨ་རི། ཡོ་རོབ་སོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་ལྷག་རྒྱབ་སྐྱོར་དང་དུས་ནས་དུས་སུ་བོད་ཀྱི་གནད་དོན་གླེང་སློང་གིས་ནུས་པ་ལྡན་པའི་གྲོས་འཆར་གཏན་འབེབས་ཡོང་རྒྱུར་གཞུང་སྒེར་ཁག་དང་། ལྷག་པར་དུ་ཕྱི་རྒྱལ་དུ་གནས་བཞུགས་གཞོན་སྐྱེས་དང་ཤེས་ལྡན་པ་ཚོས་འགན་ཁུར་ཤུགས་སྣོན་བརྒྱག་དགོས།

༧༽ ང་ཚོས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱ་དམར་གཞུང་གི་བཙན་འཛུལ་དང་དབང་སྒྱུར་ལ་ངོ་རྒོལ་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། རྒྱ་དམར་གྱི་དབང་སྒྱུར་དང་བཙན་གནོན་འོག་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་ཤར་ཏུར་ཀི་སི་ཐན་དང་། ནང་སོག ཧོང་ཀོང་། དེ་བཞིན་ཐའེ་ཝན་སོགས་ཀྱི་རང་དབང་འཐབ་རྩོད་པ་དང་ལྷན་དུ་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་གང་མང་སྤེལ་དགོས།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པའི་ཚོགས་བཅར་བ་ཡོངས་ནས།
བོད་རྒྱལ་ལོ་ ༢༡༥༠ སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན།
བཞུགས་སྒར་རྡ་རམ་ས་ལ་ནས་སྤེལ།