འཛམ་གླིང་རྒྱལ་ཁབ་འདྲ་མིན་དྲུག་ཙམ་ནས་ཕེབས་པའི་གཞོན་སྐྱེས་གྲངས་ ༡༠༠ ལ་ཉེ་བ་ཞིག་བཞུགས་སྒར་རྡ་རམ་ས་ལར་ལྷན་འཛོམས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ནས་ ༡༠ བར་བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་གནས་བབ་ལ་གྲོས་བསྡུར་སྦྱང་བཤད་བྱ་རྒྱུ་ཡིན།

ལྷན་ཚོགས་འདི་མ་ཚུགས་སྔོན་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་བསྟེ་གནས་ཁང་དུ། (India International Center) བོད་ཀྱི་མདུན་ལམ་དང་རྒྱ་གར་གྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་རིང་རྒྱ་གར་གྱི་མི་སྣ་གཙོ་བོར་གྱུར་བའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། ལྷན་ཚོགས་དེར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཁན་ཝལ་སི་བྷལ་མཆོག་རྣམ་གཉིས་ཀྱང་མཉམ་ཞུགས་ཀྱིས་གལ་གནད་ཆེ་བའི་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོདཔ་རེད།

བཞུགས་སྒར་རྡ་རམ་ས་ལར་ཚོགས་རྒྱུའི་ལྷན་ཚོགས་ཉིན་ལྔའི་རིང་ཚོགས་བཅར་བ་རྣམ་པས་བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་ཡུལ་བབ་སྲིད་ཇུས་དང་། བོད་མིའི་ངོ་བོ། ཆིག་སྒྲིལ། ས་གནས་དང་མི་རབས་མི་འདྲ་བའི་བོད་མིའི་དབར་གྱི་འབྲེལ་ལམ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་རྒྱུའི་བར་རྒལ་གྱི་དུས་རིམ་ནང་འཕྲད་སྲིད་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱ་ཕྱོགས་སོགས་ཀྱང་གྲོས་བསྡུར་བྱ་འཆར་དང་། ལྷན་ཚོགས་ཉིན་ལྔའི་རིང་ཟབ་སྦྱོང་དང་། གཏམ་བཤད། དྲི་བ་དྲིས་ལན། ནང་ཁུལ་གྲོས་བསྡུར་སོགས་བརྒྱུད་དོན་སྙིང་ལྡན་པའི་བརྗོད་གཞི་མང་པོར་བགྲོ་གླེང་ལྷུག་པོ་བྱ་ཐུབ་རྒྱུ་མ་ཟད། རྣམ་དཔྱོད་ལྡན་པའི་བཞུགས་མོལ་བགྲོ་གླེང་གི་གསུང་བཤད་གནང་མཁན་ཚོ་ལྷན་དུ་ཡང་སྦྱང་བཤད་གོ་བསྡུར་ལྷུག་པོ་གནང་སྟེ་བོད་ཀྱི་མདུན་ལམ་དང་འབྲེལ་བའི་གལ་གནད་མང་པོར་ཕན་ཚུན་བློ་སྐྱེད་སྤེལ་ཐུབ་རྒྱུའི་གོ་སྐབས་ཡོད།

བོད་ཀྱི་མདུན་ལམ་ལས་འགུལ་འགོ་འཛུགས་གནང་མཁན་གྱི་གྲས་བཀྲས་མཐོང་དབང་པོ་ལགས་ཀྱིས་”བོད་མི་ཧ་ཅང་མང་པོས་བོད་ཀྱི་མ་འོངས་པའི་གནས་བབ་ལ་བསམ་གཞིགས་དང་གྲོས་བསྡུར་གྱི་ཆ་ཤས་ལེན་བཞིན་པ་འདི་ཧ་ཅང་གིས་དགའ་བ་སྐྱེ་དགོས་པ་ཞིག་རེད། ང་ཚོ་ཚང་མའི་བསམ་ཚུལ་མ་འདྲ་བ་དང་གནད་དོན་མང་པོར་ཕན་ཚུན་མོས་མཐུན་བྱེད་མ་ཐུབ་པ་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་གི་བསམ་ཚུལ་མ་འདྲ་བ་ཚང་མ་ལྷན་དུ་འཛོམས་ཏེ་གུ་ཡངས་པོའི་ཐོག་ནས་གྲོས་བསྡུར་སྦྱང་བཤད་བྱེད་རྒྱུའི་གོ་སྐབས་བསྐྲུན་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་འདུག་”ཅེས་གསུངས་སོང་།

བོད་ཀྱི་སྒྱུ་རྩལ་བ་སྐོར་ཞིག་ནས་ཀྱང་ལྷན་ཚོགས་ཉིན་གྲངས་ལྔའི་རིང་མཉམ་རུབ་ཀྱིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་བརྗོད་གཞི་མཚོན་ཐུབ་པའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན།

ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་གཙོ་བོ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་དང་། དེ་བཞིན་བཞུགས་མོལ་བགྲོ་གླེང་ནང་གསུང་བཤད་གནང་མཁན་བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། འབུམ་རམས་པ་ལོ་སྐྱིད་ཚང་ཟླ་བ་ལགས། དགེ་བཤེས་བློ་བཟང་སྨོན་ལམ་ལགས། སྤྱི་ཟུར་ཕྱག་མཛོད་ཚང་པདྨ་ལགས། ས་རཱ་སློབ་སྤྱི་པ་སངས་ཚེ་རིང་ལགས། རྒྱ་ནག་ཉམས་ཞིབ་པ་ཕན་ཐོག་ལགས། ཉམས་ཞིབ་པ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། འབུམ་རམས་པ་རྒྱ་ལོ་ལགས་བཅས་ཡིན།

ལྷན་ཚོགས་སྐབས་སྒྱུ་རྩལ་གྱི་བྱ་བ་བསྒྲུབ་མཁན་ནི་བོད་ཀྱི་ཆེད་ལས་སྒྱུ་རྩལ་བ་སྐལ་བཟང་ལམ་བྲག་ལགས་དང་། ཀརྨ་སྲིད་གཅོད་ལགས། ངོ་ཤིས་ལགས། བཀྲིས་ཉི་མ་ལགས། བསྟན་འཛིན་མི་ལ་ལགས། བསྟན་འཛིན་འགྱུར་མེད་ལགས་བཅས་ཡིན།

བོད་ཀྱི་མདུན་ལམ་ནི་བོད་དོན་ལ་སེམས་ཁུར་ཆེ་བའི་བོད་པ་ཁག་གཅིག་ནས་མ་སྐུལ་དང་བླངས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན། ལས་འགུལ་འདིར་ཆབ་སྲིད་ལངས་ཕྱོགས་དང་། ཕ་མོ། རྒན་གཞོན། ཆོལ་ཁ། ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་བོད་མི་ཚང་མ་མཉམ་རུབ་ཐོག་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་བསམ་གཞིགས་དང་བགྲོ་གླེང་སྦྱང་བཤད་བརྒྱུད་བོད་མིའི་ཆིག་སྒྲིལ་དང་། འགན་ཁུར། ནུས་སྟོབས། གྲ་སྒྲིག་བཅས་གོང་སྤེལ་ཚགས་ཚུད་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། ལས་འགུལ་གོ་སྒྲིག་བྱེད་མཁན་ནི་བོད་ཕྱི་ནང་གི་སྤྱི་ཚོགས་དང་ཁོར་ཡུག་འདྲ་མིན་ནང་ཚར་ལོངས་བྱུང་ཞིང་། གཞུང་དང་གཞུང་འབྲེལ་མ་ཡིན་པ་སོགས་ལས་རིགས་འདྲ་མིན་ནང་ལས་ཀ་བྱེད་མྱོང་བ། ཚན་པ་འདྲ་མིན་ཐོག་སློབ་སྦྱོང་བྱས་དང་བྱེད་བཞིན་པའི་ཕོ་མོ་དང་རྒན་གཞོན་དབྱེར་མེད་ལས་གྲུབ་པ་ཞིག་ཡིན། ང་ཚོའི་དབར་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་བསམ་ཚུལ་འཛིན་སྟངས་མི་འདྲ་བ་ཡོད་ན་ཡང་། ང་ཚོས་རིགས་མི་འདྲ་བའི་ནུས་པ་མཉམ་སྤུངས་ཀྱི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་སྟོབས་ལ་ཡིད་ཆེད་བྱེད་ཀྱི་ཡོད་ལ། དངོས་ཐོག་བདེན་འཚོལ་དང་གུ་ཡངས་ཀྱི་བགྲོ་གླེང་དང་སྦྱང་བཤད་ཀྱི་རིན་ཐང་དང་ཕན་ནུས་ལ་ཡིད་ཆེད་བྱེད་ཀྱི་ཡོད།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་འདུ་ཐེངས་དང་པོ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཁུལ་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཡུ་རོབ་ཀྱི་ཧྥ་རན་སིའི་ཕེ་རི་སི་གྲོང་ཁྱེར། ཐེངས་གསུམ་པ་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༨ དང་ ༩ ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ཚོགས་ཡོད།

སྤྱིར་ལྷན་ཚོགས་འདིར་Guiseppe Kaiser Foundation ནས་མཐུན་འགྱུར་རོགས་རམ་གནང་ཡོད་ཀྱང་། ལྷན་ཚོགས་ལ་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་ཚོས་ངེས་པར་དུ་ཐོ་འགོད་དང་ཚོགས་བཅར་དོད་འབུལ་དགོས་པ་དང་། དེ་བཞིན་དྲྭ་ཐོག་ནས་ཀྱང་དཔལ་འབྱོར་འདུ་འགོད་ཀྱིས་འགྲོ་སོང་ཆ་ཚང་ཁ་སྡུམ་ཐུབ་པར་འབད་བརྩོན་ཞུ་ཡི་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ཉིན།
བོད་ཀྱི་མདུན་ལམ་ལས་འགུལ་གོ་སྒྲིག་པ་ཐུན་མོང་ནས།

གལ་ཆེའི་དྲ་ཐག:
[1] ལྷན་ཚོགས་ཀྱི་མཛད་རིམ།: https://future-of-tibet.org/en/the-future-of-tibet-dharamshala-schedule/
[2] ལྷན་ཚོགས་ཆེད་དཔལ་འབྱོར་འདུ་འགོད་ཀྱི་དྲ་ཐག : https://www.gofundme.com/f/shaping-the-future-of-tibet

གསར་འགོད་འབྲེལ་མཐུད་པ:
བཀྲིས་ལམ་བཟང་། (བོད་སྐད།): +91 85271 47721
བདེ་ཆེན་སྤེན་པ། (དབྱིན་སྐད།): +91 83686 05635