“བོད་ཀྱི་མདུན་ལམ་དང་རྒྱ་གར་གྱི་སྲིད་ཇུས།” ཅེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་མདུན་ལམ་ལས་འགུལ་དང་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་གཉིས་ཟུང་འབྲེལ་གྱིས་རྒྱལ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ག་རྒྱལ་སྤྱིའི་བསྟེ་གནས་ཁང་དུ་སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣ ཉིན་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད།
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཁན་ཝལ་སི་བྷལ་ (Ambassador Kanwal Sibal)མཆོག་གིས་བོད་ཀྱི་གནས་བབ་དང་རྒྱ་གར་གྱིས་བོད་སྐོར་ལ་སྲིད་ཇུས་ཇི་འདྲ་འཛིན་གྱི་ཡོད་པ། རྒྱ་ནག་དང་རྒྱ་གར་གྱི་འབྲེལ་ལམ་ཐོག་ནས་བོད་ཀྱི་ཐོག་ལ་རྒྱ་གར་གྱི་གནས་བབ་གང་འདྲ་ཡིན་པ་སོགས་ལ་གསུང་བཤད་ཞིབ་ཕྲ་གནང་བ་དང་། སྐབས་དེར་ཁོང་སྒེར་གྱི་གཟིགས་ཕྱོགས་མང་པོ་ཞིག་ཁ་གསལ་གསུངས་པ་མ་ཟད། གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེ་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་ལམ་ཞུ་དགོས་པ་ཡང་གསུངས་སོང་།
གཞན་ཡང་ལྷན་ཚོགས་ཐོག་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་གསར་འཛུགས་གནང་མཁན་གྲས་རེ་བྷོན་བྷ་ནར་ཇི་(Rebon Banerjee Dhar) ལགས་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་ལགས་གཉིས་ཀྱིས་བོད་ཀྱི་ཡུལ་བབ་སྲིད་ཇུས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གསུང་བཤད་ཀྱི་ལས་རིམ་གནང་ཡོད་པ་དང་། བསྟན་འཛིན་ཡོན་ཏན་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཡོད།
ཚོགས་ཆུང་ནང་ཁུལ་གྱི་བགྲོ་གླེང་གྲུབ་རྗེས་སྐྱབས་རྗེ་ཀུན་བདེ་གླེང་རྟག་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད་པ་དང་། ཁོང་གིས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་སྲ་བརྟན་དང་། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་སོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་རོགས་རམ་ཤུགས་ཆེར་གནང་ཡོད་པ་གསལ་སྟོན་དང་། ལྷག་པར་དུ་ཁོང་གིས་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་གི་འགྱུར་བ། རྒྱ་གར་གྱི་མ་འོངས་པར་འཛིན་རྒྱུའི་གལ་གནད་སོགས་དང་འབྲེལ་ནས་བོད་ཀྱི་མ་འོངས་པའི་གནས་བབ་སྐོར་ལ་ཞིབ་ཕྲའི་གསུང་བཤད་གནང་བ་དང་། མཐའ་དོན་དུ་ཁོང་གིས་བོད་ཀྱི་གཞོན་སྐྱེས་ཚོས་མ་འོངས་བོད་ཀྱི་ལས་དོན་སྐོར་ལ་ཆ་ཤས་ལེན་དགོས་པ་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་གནང་ཡོད།