6 RESULTS
Dharamsala Bo

༄༅། །བཞུགས་སྒར་རྡ་སར་འཚོགས་པའི་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཀྱི་བསྒྲགས་གཏམ།

མེས་པོའི་ལོ་རྒྱུས་གསལ་བའི་གངས་རིའི་ཞིང་། །ཐུགས་བསྐྱེད་དུས་སུ་སྨིན་པའི་གངས་ཅན་མགོན།།
ཕྱག་ན་པདྨོའི་ཐུགས་རྗེའི་གྲིབ་བསིལ་འོག །གངས་ཅན་པ་རྣམས་ནམ་ཡང་འཚོ་ཞིང་གནས།།

 
ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གི་གནས་སྟངས་སོགས་ལ་བསམ་གཞིགས་ཤིག་བྱས་ཚེ་ང་ཚོ་བོད་དང་བོད་མིའི་གནད་དོན་དེ་ཆེས་ཛ་དྲག་དང་གལ་གནད་ཆེ་བའི་དུས་རིམ་ཞིག་ལ་བསླེབས་ཡོད་པས། ང་ཚོས་འདས་དོན་ལ་བསྐྱར་ཞིབ་དང་འབྱུང་འགྱུར་ལ་བསམ་གཞིགས་ཀྱིས་བོད་ཀྱི་མ་འོངས་པའི་ཆབ་སྲིད་དང་། བོད་མིའི་ངོ་བོ། སྐད་ཡིག རིག་གཞུང་བཅས་སྲུང་སྐྱོབ་ཀྱི་ལས་དོན་ལ་ནུས་པ་ལྡན་ལ་ཁ་ཕྱོགས་མ་ནོར་བའི་གོམ་སྟབས་ཤིག་ཅི་ནས་ཀྱང་སྤོ་ཐུབ་པ་བྱ་དགོས་པའི་དུས་ལ་བབས་ཡོད་པས། ང་ཚོ་དང་བླངས་པ་སྐོར་ཞིག་གིས་སེམས་ཚབས་ཆེན་པོས་བོད་ཀྱི་མ་འོངས་པའི་མདུན་ལམ་ཞེས་པའི་ལས་འགུལ་ཞིག་སྤྱི་ལོ་ ༢༠༢༢ ཟླ་ ༤ ནས་འགོ་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་། ཡུ་རོབ་ཀྱི་ཧྥ་རན་སིའི་ཕེ་རི་སི་གྲོང་ཁྱེར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་བཅས་སུ་ལྷན་ཚོགས་ཐེངས་བཞི་འཚོགས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འཕྲུལ་རིག མི་འབོར། ཁོར་ཡུག སྤྱི་ཚོགས་སོགས་འབྲེལ་ཡོད་ཀྱི་བརྗོད་གཞི་མང་པོར་བགྲོ་གླེང་བྱས་ཡོད།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་ལྔ་པ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྒྱ་གར་རྡ་རམ་ས་ལར་ ༢༠༢༣ ཟླ་ ༡༡ ཚེས་ ༥ ནས་ ༡༠ བར་སྐོང་འཚོགས་ཞུས་ཡོད་པ་དང་། ཡོང་འཛིན་གླིང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་མཆོག་དང་། ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ལྷན་ཚོགས་འདིར་ཆེད་དུ་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ། འཛམ་གླིང་རྒྱལ་ཁབ་ཁག་བདུན་ཙམ་ནས་ཕེབས་པའི་ཚོགས་བཅར་བ་གྲངས་ (༩༠) ལྷག་ཙམ་མཉམ་ཞུགས་ཀྱིས་དུས་ཡུན་ཉིན་གྲངས་ལྔའི་རིང་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་བགྲོ་གླེང་གྲོས་བསྡུར་ལྷུག་པོ་བྱུང་ཡོད། བགྲོ་གླེང་ཐོག་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བསམ་ཚུལ་བསླེབས་ཐུབ་ཡོད། ལྷན་ཚོགས་ཐོག་ཚོགས་བཅར་བ་རྣམས་ཀྱིས་བོད་ཀྱི་གནས་སྟངས་ལ་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་བ་བརྒྱུད། འདས་པའི་ལོ་རྒྱུས་ཐོག་བོད་ཀྱི་གནས་བབ་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་གཅིག་གྱུར་གྱིས་ངོས་འཛིན་བྱུང་ཡོད་པ་ནི།

༡༽ བོད་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཨེ་ཤེ་ཡའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་གི་ལོ་རྒྱུས་རང་བཞིན་གྱི་གནད་དོན་མང་པོར་བར་གནས་སུ་བསྡད་དེ་ཁེར་རྐྱང་དུ་རང་བཙན་གཙང་མར་རྒྱུན་གནས་ཐུབ་ཐབས་བྱས་ཡོད། དུས་རབས་ཉི་ཤུ་པའི་ནང་རྒྱ་གར་དབྱིན་གཞུང་དང་མན་ཇུ་གཉིས་ཀྱིས་བོད་ལ་དབང་སྒྱུར་དང་། ཆབ་སྲིད་ཀྱི་དབང་ཤུགས་སྤེལ་ཐབས་བྱས་ཡོད་ཀྱང་ལེགས་གྲུབ་བྱུང་ཐུབ་མེད་པ་མ་ཟད། འཛམ་གླིང་དམག་ཆེན་རིམ་པ་གཉིས་ཀྱི་སྐབས་སུ་ཡང་བར་གནས་སུ་བསྡད་དེ་སྔར་རྒྱུན་བཞིན་གླིང་ཆེན་ཨེ་ཤེ་ཡའི་མིའི་རིགས་ཀྱི་འཚོ་གནས་དང་། ཁོར་ཡུག་གི་རྟེན་གཞིར་གྱུར་བའི་ཆུ་བོ་ཁག་གི་འབྱུང་ཁུངས་ཏེ་འཛམ་གླིང་གི་ཡངས་རྩེར་ཆོས་ལྡན་གྱི་ཞིང་ཁམས་ཞེས་ཞི་བདེའི་རྒྱལ་ཁབ་ཅིག་ཏུ་གནས་ཡོད།

༢༽ སྤྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱེད་སྐབས་བོད་དམག་ལ་ཕམ་ཉེས་བྱུང་སྟེ་སྤྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་ལོ་རྒྱུས་ཡུན་རིང་ལྡན་ཞིང་བོད་མི་ཡོངས་ཀྱིས་ངོས་འཛིན་ཡོད་པའི་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་རྒྱུན་འཛིན་གནང་བ་དང་། མ་འོངས་སྔོན་གཟིགས་དང་མཁྱེན་རྒྱ་ཡངས་པའི་འཆར་འགོད་དང་ལམ་སྟོན་འོག བཙན་བྱོལ་བོད་གཞུང་དེ་བཞིན་རང་དབང་མང་གཙོའི་ལམ་དུ་སྣེ་ཁྲིད་མཛད་པ་དང་། ཨེ་ཤེ་ཡ་ནང་མའི་(Inner Asia)བོད་འདི་ཞི་བདེ་དང་། རང་དབང་། མང་གཙོ་ལྡན་པའི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་རྨི་ལམ་གསར་གཏོད་མཛད་ཡོད། དེ་བཞིན་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་ཚོས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་གོ་རྟོགས་དང་རྩ་དོན་འཐབ་རྩོད་ཀྱི་འགན་ཁུར་ལས་དོན་རྒྱུན་ཁྱོངས་གནང་ཡོད་པ་མ་ཟད། ལྷག་པར་གནའ་དེང་གི་ཤེས་ཡོན་ལྡན་པའི་མི་རབས་གསར་པའི་དཔུང་ཚོགས་ཤིག་གསོ་སྐྱོང་གནང་ཡོད་པ་འདིས་བོད་ཀྱི་མ་འོངས་པར་རེ་བའི་སྟོབས་ཤུགས་སྦྱིན་ཡོད།

༣༽ བོད་ནང་སྤྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་ཁྲིམས་འགལ་དང་བཙན་འཛུལ་གྱིས་བོད་ས་ཡོངས་རྫོོགས་དབང་སྒྱུར་བྱས་རྗེས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྣོད་བཅུད་སོགས་ལ་གཏོར་བརླག་ཚབས་ཆེན་བཏང་དང་གཏོང་མུས་ཡིན་པ་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་སུ་ཡོད། ད་ལྟའི་ཞི་ཅིང་ཕིན་གྱིས་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱས་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་སྤེལ་གསུམ་ལ་དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་བཞིན་པ་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་མིའི་ངོ་བོ་བཅས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལ་མངོན་གསལ་དོད་པོས་ནུས་ཤུགས་འདོན་བཞིན་ཡོད།

གཞན་ཡང་ལྷན་ཚོགས་འདི་བརྒྱུད་ནས་ཚོགས་བཅར་བ་ཡོངས་ཀྱིས་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་སེམས་འཚབ་ཆེན་པོས་གནད་དོན་གལ་ཆེན་ཁག་གཅིག་གི་ཐོག་འབོད་སྐུལ་དང་ནན་བརྗོད་ཞུ་རྒྱུ་ནི།

༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དང་བོད་མི་རྣམས་ནི་གང་གི་གདུལ་བྱ་ཡིན་པ་དང་། ཚེ་རབས་ནས་ཚེ་རབས་བར་དུ་༸གོང་ས་མཆོག་དང་བོད་མིའི་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་རྒྱུན་གནས་ཡོང་དགོས་རྒྱུར་ངོས་འཛིན་གཅིག་གྱུར་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངེས་པར་དུ་ཕེབས་གནང་ཡོང་བའི་འབོད་སྐུལ་གསོལ་འདེབས་ཞུ་རྒྱུ་ཡིན།

༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ་མཆོག་གི་བར་བརྒལ་གྱི་དུས་སྐབས་སུ་རྒྱ་ནག་གཞུང་གིས་སིམ་འཛུལ་དང་གཡོ་ཇུས་ལ་གདོང་ལེན་གྱི་གྲ་སྒྲིག་དགོས་པ་ཧ་ཅང་གལ་ཆེན་ཡིན་པས། སྐབས་དེར་ནུས་པ་ལྡན་པའི་སྐུ་ཚབ་ཅིག་ངེས་པར་དུ་བསྐོ་བཞག་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།

༣༽ བོད་དང་བོད་མིའི་ཐུན་མོང་གི་དམིགས་ཡུལ་དང་མདུན་ལམ་དེའི་ཆེད་དུ་འཆམ་མཐུན་གྱི་ཁོར་ཡུག་ཅིག་དང་། ནུས་ལྡན་གྱི་འཐབ་རྩོད་ཅིག་ཡོད་དགོས་པས། བསམ་ཚུལ་དང་། ལངས་ཕྱོགས། ལས་ཕྱོགས་སོགས་སྣ་ཚོགས་རང་བཞིན་ལྡན་པའི་འཆམ་མཐུན་གྱི་སྟོབས་ཤུགས་དང་སྣ་མང་གི་ནུས་པ་ཡོད་པའི་འཐབ་རྩོད་བྱ་མཁན་གྱི་མི་རབས་ཤིག་དང་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུར་ངེད་ཚོགས་བཅར་བ་ཡོངས་ཀྱིས་མ་སྐུལ་དང་བླངས་ངང་དམ་བཅའ་འབུལ་རྒྱུ་དང་། ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་བོད་མི་ཡོངས་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་ཏན་ཞུ་རྒྱུ་ཡིན།

༤༽ རྒྱལ་སྤྱིའི་ནང་བོད་དོན་གོ་རྟོགས་གོང་སྤེལ་དང་གོ་སྐབས་དམ་འཛིན་ཡོང་སླད་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་དཀར་ནག་གཉིས་ཀྱི་གནས་བབ་ལ་རྒྱུན་ཆད་མེད་པར་ཞིབ་ཚགས་པོས་དབྱེ་ཞིབ་བྱེད་དགོས་པ་མ་ཟད། བོད་ཀྱི་གནད་དོན་ལ་ཕན་ཐོགས་ཡོད་པའི་གོ་སྐབས་གཅིག་ཀྱང་མ་ལུས་པར་ལེན་ཐུབ་པ་བྱེད་དགོས།

༥༽ གཞིས་བྱེས་བོད་མིའི་དབར་གྱི་ཡིད་ཆེས་དང་བརྩེ་བ་ནི་ནམ་ཡང་བསུབ་ཐབས་མེད་པའི་འགྱུར་མེད་རྟག་བརྟན་གྱི་ངོ་བོར་གྲུབ་ཡོད་ཀྱང་། བཙན་བྱོལ་བོད་མིའི་གོང་འོག་བར་གསུམ་ཚང་མས་གཞིས་བཞུགས་བོད་མིའི་མངོན་འདོད་དང་བདེ་སྡུག་ལ་དགོངས་བཞེས་ཀྱིས་ནང་ཁུལ་བསམ་ཤེས་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་དགོས་པ་མ་ཟད། ང་ཚོའི་ཐུན་མོང་གི་དགྲ་བོར་ངོས་འཛིན་གཅིག་གྱུར་ཐོག་གཞིས་བཞུགས་བོད་མི་ཚོ་ཡིད་ཆད་དང་བློ་ཕམ་མ་ཡོང་བ་བྱ་དགོས་པ་དྲན་སྐུལ་ཞུ་རྒྱུ་ཡིན།

༦༽ རྒྱ་གར་དང་། ཨ་རི། ཡོ་རོབ་སོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བོད་ཀྱི་གནད་དོན་ལ་སྔར་ལྷག་རྒྱབ་སྐྱོར་དང་དུས་ནས་དུས་སུ་བོད་ཀྱི་གནད་དོན་གླེང་སློང་གིས་ནུས་པ་ལྡན་པའི་གྲོས་འཆར་གཏན་འབེབས་ཡོང་རྒྱུར་གཞུང་སྒེར་ཁག་དང་། ལྷག་པར་དུ་ཕྱི་རྒྱལ་དུ་གནས་བཞུགས་གཞོན་སྐྱེས་དང་ཤེས་ལྡན་པ་ཚོས་འགན་ཁུར་ཤུགས་སྣོན་བརྒྱག་དགོས།

༧༽ ང་ཚོས་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱ་དམར་གཞུང་གི་བཙན་འཛུལ་དང་དབང་སྒྱུར་ལ་ངོ་རྒོལ་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། རྒྱ་དམར་གྱི་དབང་སྒྱུར་དང་བཙན་གནོན་འོག་དཀའ་ངལ་མྱོང་བཞིན་པའི་རྒྱལ་ཁབ་ཤར་ཏུར་ཀི་སི་ཐན་དང་། ནང་སོག ཧོང་ཀོང་། དེ་བཞིན་ཐའེ་ཝན་སོགས་ཀྱི་རང་དབང་འཐབ་རྩོད་པ་དང་ལྷན་དུ་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་གང་མང་སྤེལ་དགོས།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པའི་ཚོགས་བཅར་བ་ཡོངས་ནས།
བོད་རྒྱལ་ལོ་ ༢༡༥༠ སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ ཉིན།
བཞུགས་སྒར་རྡ་རམ་ས་ལ་ནས་སྤེལ།

Dharamsala Bo

སྒྱུ་རྩལ་པའི་བསྒྲགས་གཏམ། བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས།

སྒྱུ་རྩལ་པའི་བསྒྲགས་གཏམ།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས། 

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༩ །

ངེད་བོད་ཀྱི་སྒྱུ་རྩལ་པ་ལྔ་ནས་སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༥ ནས་ ༡༠ བར་འཚོགས་པའི་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐོག་བོད་ཀྱི་མ་འོངས་པའི་འཆར་སྣང་ཡོད་པའི་སྒྱུ་རྩལ་ཞིག་བཟོ་ཆེད་དུ་དུས་ཡུན་རིང་པོར་ཕན་ཚུལ་གྲོས་བསྡུར་བྱས་ཏེ་གཞི་བཏིང་པ་ཡིན། སྒྱུ་རྩལ་གྱི་ལས་ཀ་འདི་ལྷན་ཚོགས་ཉིན་ལྔའི་རིང་སྒྱུ་རྩལ་བ་རྣམ་པས་ཚོགས་འདུ་ཚོགས་ཡུལ་ས་གནས་སུ་བསྟུད་མར་བྲིས་པ་དང་བཟོས་པའི་ལས་ཀ་ཞིག་ཆགས་ཡོད་པ་དང་། སྒྱུ་རྩལ་འདི་རྡ་རམ་ས་ལར་ཚོགས་པའི་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད།

སྒྱུ་རྩལ་བ་ཞིག་ཡིན་པའི་ཆ་ནས་ང་ཚོས་རྟགས་ཏུ་རྒྱུན་གཏན་མ་ཡིན་པའི་ལམ་ནས་འཆར་སྣང་ཞིག་མཚོན་ཐབས་བྱེད་ཀྱི་ཡོད་པས། དེ་ནི་ང་ཚོ་མ་འོངས་པའི་ནང་འཚོ་སྡོད་བྱེད་པ་ལྟ་བུ་ཞིག་ཡིན། ང་ཚོའི་སྒྱུ་རྩལ་གྱི་ལས་ཀ་འདིས་མ་འོངས་པའི་འཆར་སྣང་ཞིག་སྟོན་ཐབས་སུ་ཉིན་མ་མང་པོར་བསམ་ཚུལ་མང་པོ་ཞིག་ཕན་ཚུན་གྲོས་བསྡུར་བྱས་ཡོད། བོད་པ་ནི་སོན་རྩྭ་ལྟར་དེང་སྐབས་འཛམ་གླིང་གང་སར་ཁྱབ་ཡོད་པས། ང་ཚོ་ཕན་ཚུན་དབར་ས་ཐག་ཡུལ་གྱི་ཆོད་ཡོད་ཀྱང་ང་ཚོའི་ཆིག་སྒྲིལ་གྱི་རྣམ་པ་ནི་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། དེ་ནི་སྒྱུ་རྩལ་རི་མོའི་རས་གཞིའི་སྟེང་གི་བོད་ནས་འཁྱེར་ཡོང་བའི་ས་བོན་དེས་མཚོན་ཐུབ་པར་བྱས་ཡོད། 

རི་མོའི་ནང་གི་བེུད་དེས་བོད་མི་མཚོན་གྱི་ཡོད་པ་དང་། ཁོང་མོས་གངས་སེང་ཞིག་ཞོན་ཏེ་འཕྲུལ་ཆས་ཀྱི་མིག་ཤེལ་ནང་ནས་མ་འོངས་པར་ལྟ་བཞིན་པ་མཚོན་ཡོད། གངས་སེང་འདི་བོད་ཀྱི་རིག་གཞུང་དང་གོམ་གཤིས་དང་འབྲེལ་ནས་ཡོད་པས། ང་ཚོའི་མེས་པོ་ཚོའི་བློ་གྲོས་དང་སྟོབས་ཤུགས་མཚོན་ཡོད། མེས་པོའི་བློ་གྲོས་དང་སྟོབས་ཤུགས་དེས་ང་ཚོའི་བོད་ཀྱི་མདུན་ལམ་འཚོལ་རྒྱུའི་བརྒྱུད་རིམ་ནང་དེང་སྐབས་ཀྱི་ཚན་རྩལ་དང་བློ་གྲོས་ཟུང་འབྲེལ་གྱིས་ང་ཚོར་ནུས་ཤུགས་སྦྱིན་བཞིན་པ་མཚོན་གྱི་ཡོད།

ང་ཚོས་གངས་སེང་དེ་བོད་ཀྱི་མཚོན་རྟགས་སུ་འདེམས་ཡོད། རྒྱུ་མཚན་ནི་གངས་སེང་དེ་ད་ལྟ་བར་དངོས་སུ་མེད་ཀྱང་བོད་རྒྱལ་ཁབ་ལྟར་མ་འོངས་པར་ང་ཚོའི་ལག་ཏུ་ལེན་ཐུབ་རྒྱུ་ཡིན་པ་ཡིད་ཆེས་ཡོད།

སྒྱུ་རྩལ་པ།
ཀརྨ་སྲིད་གཅོད།
སྐལ་བཟང་ལམ་བྲག
མངོན་ཤེས་ཆོས་སྒྲོན།
བཀྲིས་ཉི་མ།
བསྟན་འཛིན་རྨི་ལེགས།

Dharamsala Bo

གསར་འགོད་གསལ་བསྒྲགས། མ་འོངས་པའི་སོན་རྩྭ། དུས་ཡུན་ཉིན་ལྔའི་རིང་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པ་བཞུགས་སྒར་རྡ་རམ་ས་ལར་ཚོགས་གཏན་ཁེལ་ཡོད།

འཛམ་གླིང་རྒྱལ་ཁབ་འདྲ་མིན་དྲུག་ཙམ་ནས་ཕེབས་པའི་གཞོན་སྐྱེས་གྲངས་ ༡༠༠ ལ་ཉེ་བ་ཞིག་བཞུགས་སྒར་རྡ་རམ་ས་ལར་ལྷན་འཛོམས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ནས་ ༡༠ བར་བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་གནས་བབ་ལ་གྲོས་བསྡུར་སྦྱང་བཤད་བྱ་རྒྱུ་ཡིན།

ལྷན་ཚོགས་འདི་མ་ཚུགས་སྔོན་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་བསྟེ་གནས་ཁང་དུ། (India International Center) བོད་ཀྱི་མདུན་ལམ་དང་རྒྱ་གར་གྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་རིང་རྒྱ་གར་གྱི་མི་སྣ་གཙོ་བོར་གྱུར་བའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་དང་། ལྷན་ཚོགས་དེར་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཁན་ཝལ་སི་བྷལ་མཆོག་རྣམ་གཉིས་ཀྱང་མཉམ་ཞུགས་ཀྱིས་གལ་གནད་ཆེ་བའི་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོདཔ་རེད།

བཞུགས་སྒར་རྡ་རམ་ས་ལར་ཚོགས་རྒྱུའི་ལྷན་ཚོགས་ཉིན་ལྔའི་རིང་ཚོགས་བཅར་བ་རྣམ་པས་བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་ཡུལ་བབ་སྲིད་ཇུས་དང་། བོད་མིའི་ངོ་བོ། ཆིག་སྒྲིལ། ས་གནས་དང་མི་རབས་མི་འདྲ་བའི་བོད་མིའི་དབར་གྱི་འབྲེལ་ལམ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་རྒྱུའི་བར་རྒལ་གྱི་དུས་རིམ་ནང་འཕྲད་སྲིད་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱ་ཕྱོགས་སོགས་ཀྱང་གྲོས་བསྡུར་བྱ་འཆར་དང་། ལྷན་ཚོགས་ཉིན་ལྔའི་རིང་ཟབ་སྦྱོང་དང་། གཏམ་བཤད། དྲི་བ་དྲིས་ལན། ནང་ཁུལ་གྲོས་བསྡུར་སོགས་བརྒྱུད་དོན་སྙིང་ལྡན་པའི་བརྗོད་གཞི་མང་པོར་བགྲོ་གླེང་ལྷུག་པོ་བྱ་ཐུབ་རྒྱུ་མ་ཟད། རྣམ་དཔྱོད་ལྡན་པའི་བཞུགས་མོལ་བགྲོ་གླེང་གི་གསུང་བཤད་གནང་མཁན་ཚོ་ལྷན་དུ་ཡང་སྦྱང་བཤད་གོ་བསྡུར་ལྷུག་པོ་གནང་སྟེ་བོད་ཀྱི་མདུན་ལམ་དང་འབྲེལ་བའི་གལ་གནད་མང་པོར་ཕན་ཚུན་བློ་སྐྱེད་སྤེལ་ཐུབ་རྒྱུའི་གོ་སྐབས་ཡོད།

བོད་ཀྱི་མདུན་ལམ་ལས་འགུལ་འགོ་འཛུགས་གནང་མཁན་གྱི་གྲས་བཀྲས་མཐོང་དབང་པོ་ལགས་ཀྱིས་”བོད་མི་ཧ་ཅང་མང་པོས་བོད་ཀྱི་མ་འོངས་པའི་གནས་བབ་ལ་བསམ་གཞིགས་དང་གྲོས་བསྡུར་གྱི་ཆ་ཤས་ལེན་བཞིན་པ་འདི་ཧ་ཅང་གིས་དགའ་བ་སྐྱེ་དགོས་པ་ཞིག་རེད། ང་ཚོ་ཚང་མའི་བསམ་ཚུལ་མ་འདྲ་བ་དང་གནད་དོན་མང་པོར་ཕན་ཚུན་མོས་མཐུན་བྱེད་མ་ཐུབ་པ་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་གི་བསམ་ཚུལ་མ་འདྲ་བ་ཚང་མ་ལྷན་དུ་འཛོམས་ཏེ་གུ་ཡངས་པོའི་ཐོག་ནས་གྲོས་བསྡུར་སྦྱང་བཤད་བྱེད་རྒྱུའི་གོ་སྐབས་བསྐྲུན་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་འདུག་”ཅེས་གསུངས་སོང་།

བོད་ཀྱི་སྒྱུ་རྩལ་བ་སྐོར་ཞིག་ནས་ཀྱང་ལྷན་ཚོགས་ཉིན་གྲངས་ལྔའི་རིང་མཉམ་རུབ་ཀྱིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་བརྗོད་གཞི་མཚོན་ཐུབ་པའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན།

ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་གཙོ་བོ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་དང་། དེ་བཞིན་བཞུགས་མོལ་བགྲོ་གླེང་ནང་གསུང་བཤད་གནང་མཁན་བཀའ་བློན་ཁྲི་ཟུར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། འབུམ་རམས་པ་ལོ་སྐྱིད་ཚང་ཟླ་བ་ལགས། དགེ་བཤེས་བློ་བཟང་སྨོན་ལམ་ལགས། སྤྱི་ཟུར་ཕྱག་མཛོད་ཚང་པདྨ་ལགས། ས་རཱ་སློབ་སྤྱི་པ་སངས་ཚེ་རིང་ལགས། རྒྱ་ནག་ཉམས་ཞིབ་པ་ཕན་ཐོག་ལགས། ཉམས་ཞིབ་པ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། འབུམ་རམས་པ་རྒྱ་ལོ་ལགས་བཅས་ཡིན།

ལྷན་ཚོགས་སྐབས་སྒྱུ་རྩལ་གྱི་བྱ་བ་བསྒྲུབ་མཁན་ནི་བོད་ཀྱི་ཆེད་ལས་སྒྱུ་རྩལ་བ་སྐལ་བཟང་ལམ་བྲག་ལགས་དང་། ཀརྨ་སྲིད་གཅོད་ལགས། ངོ་ཤིས་ལགས། བཀྲིས་ཉི་མ་ལགས། བསྟན་འཛིན་མི་ལ་ལགས། བསྟན་འཛིན་འགྱུར་མེད་ལགས་བཅས་ཡིན།

བོད་ཀྱི་མདུན་ལམ་ནི་བོད་དོན་ལ་སེམས་ཁུར་ཆེ་བའི་བོད་པ་ཁག་གཅིག་ནས་མ་སྐུལ་དང་བླངས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན། ལས་འགུལ་འདིར་ཆབ་སྲིད་ལངས་ཕྱོགས་དང་། ཕ་མོ། རྒན་གཞོན། ཆོལ་ཁ། ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་བོད་མི་ཚང་མ་མཉམ་རུབ་ཐོག་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་བསམ་གཞིགས་དང་བགྲོ་གླེང་སྦྱང་བཤད་བརྒྱུད་བོད་མིའི་ཆིག་སྒྲིལ་དང་། འགན་ཁུར། ནུས་སྟོབས། གྲ་སྒྲིག་བཅས་གོང་སྤེལ་ཚགས་ཚུད་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། ལས་འགུལ་གོ་སྒྲིག་བྱེད་མཁན་ནི་བོད་ཕྱི་ནང་གི་སྤྱི་ཚོགས་དང་ཁོར་ཡུག་འདྲ་མིན་ནང་ཚར་ལོངས་བྱུང་ཞིང་། གཞུང་དང་གཞུང་འབྲེལ་མ་ཡིན་པ་སོགས་ལས་རིགས་འདྲ་མིན་ནང་ལས་ཀ་བྱེད་མྱོང་བ། ཚན་པ་འདྲ་མིན་ཐོག་སློབ་སྦྱོང་བྱས་དང་བྱེད་བཞིན་པའི་ཕོ་མོ་དང་རྒན་གཞོན་དབྱེར་མེད་ལས་གྲུབ་པ་ཞིག་ཡིན། ང་ཚོའི་དབར་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་བསམ་ཚུལ་འཛིན་སྟངས་མི་འདྲ་བ་ཡོད་ན་ཡང་། ང་ཚོས་རིགས་མི་འདྲ་བའི་ནུས་པ་མཉམ་སྤུངས་ཀྱི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་སྟོབས་ལ་ཡིད་ཆེད་བྱེད་ཀྱི་ཡོད་ལ། དངོས་ཐོག་བདེན་འཚོལ་དང་གུ་ཡངས་ཀྱི་བགྲོ་གླེང་དང་སྦྱང་བཤད་ཀྱི་རིན་ཐང་དང་ཕན་ནུས་ལ་ཡིད་ཆེད་བྱེད་ཀྱི་ཡོད།

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་འདུ་ཐེངས་དང་པོ། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཁུལ་དང་། ཐེངས་གཉིས་པ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཡུ་རོབ་ཀྱི་ཧྥ་རན་སིའི་ཕེ་རི་སི་གྲོང་ཁྱེར། ཐེངས་གསུམ་པ་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༨ དང་ ༩ ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་ཚོགས་ཡོད།

སྤྱིར་ལྷན་ཚོགས་འདིར་Guiseppe Kaiser Foundation ནས་མཐུན་འགྱུར་རོགས་རམ་གནང་ཡོད་ཀྱང་། ལྷན་ཚོགས་ལ་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་ཚོས་ངེས་པར་དུ་ཐོ་འགོད་དང་ཚོགས་བཅར་དོད་འབུལ་དགོས་པ་དང་། དེ་བཞིན་དྲྭ་ཐོག་ནས་ཀྱང་དཔལ་འབྱོར་འདུ་འགོད་ཀྱིས་འགྲོ་སོང་ཆ་ཚང་ཁ་སྡུམ་ཐུབ་པར་འབད་བརྩོན་ཞུ་ཡི་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ ཉིན།
བོད་ཀྱི་མདུན་ལམ་ལས་འགུལ་གོ་སྒྲིག་པ་ཐུན་མོང་ནས།

གལ་ཆེའི་དྲ་ཐག:
[1] ལྷན་ཚོགས་ཀྱི་མཛད་རིམ།: https://future-of-tibet.org/en/the-future-of-tibet-dharamshala-schedule/
[2] ལྷན་ཚོགས་ཆེད་དཔལ་འབྱོར་འདུ་འགོད་ཀྱི་དྲ་ཐག : https://www.gofundme.com/f/shaping-the-future-of-tibet

གསར་འགོད་འབྲེལ་མཐུད་པ:
བཀྲིས་ལམ་བཟང་། (བོད་སྐད།): +91 85271 47721
བདེ་ཆེན་སྤེན་པ། (དབྱིན་སྐད།): +91 83686 05635

Dharamsala BoDharamsala En

བཞུགས་སྒར་རྡ་སར་འཚོག་རྒྱུའི་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པའི་མཛད་རིམ།

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༥ རེས་གཟའ་ཉི་མ།

ཕྱི་དྲོ་ཚོུད་ ༣ ཐོག རྒྱ་གར་རྡ་རམ་ས་ལའི་ཨིམ་ཕི་རིལ་གསོལ་མགྲོན་ཁང་དུ་འབྱོར་ཐོ་འགོད་རྒྱུ།

ཕྱི་དྲོ་ཚོུད་ ༧ ཐོག དགོང་དྲོའི་ཞལ་ལག

ཕྱི་དྲོ་ཚོུད་ ༨།༣༠ ཐོག འདུ་འཛོམས་བྱེད་སྒོ་ཁག

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༦ རེས་གཟའ་ཟླ་བ།

སྔ་དྲོ་ཚོུད་ ༩ ནས་ ༩།༣༠ བར། སྒྱུ་རྩལ་གྱི་རྣམ་པ་ལྡན་པའི་དབུ་འབྱེད་མཛད་སྒོ།

སྔ་དྲོ་ཚོུད་ ༩།༣༠ ནས་ ༩།༥༠ བར། སྔོན་འགྲོའི་སེམས་སྦྱོང་གི་བྱེད་སྒོ།

གསོལ་ཇའི་བར་གསེང་།

སྔ་དྲོ་ཚོུད་ ༡༠ ནས་ ༡༡ བར། གོ་སྒྲིག་ཚོགས་ཆུང་གི་ཕེབས་བསུའི་འཚམས་འདྲི་དང་སྙིང་དོན་གཏམ་བཤད།

ཉིན་གུང་ཚོུད་ ༡༢ ནས་ ༡ བར། ཉིན་གུང་ཞལ་ལག་གི་བར་གསེང་།

ཕྱི་དྲོ་ཚོུད་ ༡ ནས་ ༣ བར། འཛམ་གླིང་དང་བོད། ད་ལྟ་ང་ཚོ་གང་དུ་ཡོད་དམ། བཞུགས་མོལ་བགྲོ་གླེང་ལས་རིམ།

གསོལ་ཇའི་བར་གསེང་།

ཕྱི་དྲོ་ཚོུད་ ༣།༣༠ ནས་ ༥།༣༠ བར། ཟབ་སྦྱོང་ངོ་སྤྲོད།

ཕྱི་དྲོ་ཚོུད་ ༧ ཐོག དགོང་དྲོའི་ཞལ་ལག

ཕྱི་དྲོ་ཚོུད་ ༨།༣༠ ཐོག དགའ་སྤྲོའི་བྱེད་སྒོ།

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༧ རེས་གཟའ་མིག་དམར།

སྔ་དྲོ་ཚོུད་ ༩ ནས་ ༩།༡༥ བར། བསྒྲགས་གཏམ་གྱི་གཙོ་གནད་འདུ་སྒྲིག་བྱ་རྒྱུ།

སྔ་དྲོ་ཚོུད་ ༩།༡༥ ནས་ ༡༠།༣༠ བར། བོད་པའི་སེམས་དང་ངོ་བོའི་གནད་འགག བཞུགས་མོལ་བགྲོ་གླེང་།

གསོལ་ཇའི་བར་གསེང་།
སྔ་དྲོ་ཚོུད་ ༡༠།༤༥ ནས་ ༡༢ བར། མ་འོངས་པའི་བོད་ཀྱི་འགོ་ཁྲིད་ཀྱི་གནས་བབ། བཞུགས་མོལ་བགྲོ་གླེང་།

ཉིན་གུང་ཞལ་ལག་གི་བར་གསེང་།

ཕྱི་དྲོ་ཚོུད་ ༡ ནས་ ༥ བར། མ་འོངས་འཆར་འགོད་ཀྱི་ཟབ་སྦྱོང་།

ཕྱི་དྲོ་ཚོུད་ ༥ ནས་ ༦ བར། རང་མོས་གླེང་སྟེགས་ཀྱི་བྱེད་སྒོ

ཕྱི་དྲོ་ཚོུད་ ༧ ཐོག དགོང་དྲོའི་ཞལ་ལག

ཕྱི་དྲོ་ཚོུད་ ༨།༣༠ ཐོག དགའ་སྤྲོའི་བྱེད་སྒོ།

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་་༨ རེས་གཟའ་ལྷག་པ།

སྔ་དྲོ་ཚོུད་ ༩ ནས་ ༩།༡༥ བར། བསྒྲགས་གཏམ་གྱི་གཙོ་གནད་འདུ་སྒྲིག

སྔ་དྲོ་ཚོུད་ ༩།༡༥ ནས་ ༡༢ བར། མ་འོངས་འཆར་འགོད་ཀྱི་ཟབ་སྦྱོང་།

ཉིན་གུང་ཞལ་ལག་བར་གསེང་།

ཕྱི་དྲོ་ཚོུད་ ༡ ནས་ ༣ བར། ཚོགས་ཆུང་ནང་ཁུལ་གྲོས་བསྡུར།

ཕྱི་དྲོ་ཚོུད་ ༣ ནས་ ༥ བར། ཚོགས་ཆུང་ཁག་གི་བྱེད་སྒོ།

ཕྱི་དྲོ་ཚོུད་ ༧ ཐོག དགོང་དྲོའི་ཞལ་ལག

ཕྱི་དྲོ་ཚོུད་ ༨།༣༠ ཐོག དགའ་སྤྲོའི་བྱེད་སྒོ། (ལྷག་དཀར་སྒོར་གཞས།)

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༩ རེས་གཟའ་ཕུར་བུ།

སྔ་དྲོའི་ལས་རིམ། ཚོགས་ཆུང་ཁག་གི་བྱེད་སྒོ།

ཕྱི་དྲོ་ཚོུད་ ༡ ནས་ ༥ བར། མ་འོངས་འཆར་འགོད་ཀྱི་ཟབ་སྦྱོང་།

ཕྱི་དྲོ་ཚོུད་ ༥ ནས་ ༦ བར། རང་མོས་བྱེད་སྒོ

ཕྱི་དྲོ་ཚོུད་ ༧ ཐོག དགོང་དྲོའི་ཞལ་ལག

ཕྱི་དྲོ་ཚོུད་ ༨།༣༠ ཐོག དམིགས་བསལ་བྱེད་སྒོ།

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ རེས་གཟའ་པ་སངས།

སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༡༠ རེས་གཟའ་པ་སངས།

སྔ་དྲོ་ཚོུད་ ༩ ནས་ཉིན་གུང་ཚོུད་ ༡༢ བར། མཇུག་བསྡོམས་མཛད་སྒོ

ཉིན་རྒྱབ། གསར་འགོད་ལྷན་ཚོགས།

Dharamsala Bo

བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པ་རྒྱ་གར་རྡ་རམ་ས་ལར་སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༥ ནས་ ༡༠ བར་ཚོགས་གཏན་ཁེལ་ཡོད།

 

ཨ་རིའི་རྒྱལ་སའི་ཁུལ་དང་། ཧྥ་རན་སིའི་ཕེ་རི་སི་གྲོང་ཁྱེར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་བཅས་སུ་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་གསུམ་ཚོགས་པ་ཧ་ཅང་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་དང་། ད་ཆ་བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པ་དེ་རྒྱ་གར་རྡ་རམ་ས་ལར་སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༥ ནས་ ༡༠ བར་ཚོགས་གཏན་ཁེལ་ཡོད།

བོད་ཀྱི་མདུན་ལམ་ནི་བོད་དོན་ལ་སེམས་ཁུར་ཆེ་བའི་བོད་ཀྱི་སྤྱི་དམངས་ཁག་གཅིག་ནས་མ་སྐུལ་དང་བླངས་ཀྱིས་སྤེལ་བའི་ལས་འགུལ་ཞིག་ཡིན། ལས་འགུལ་འདིར་ཆབ་སྲིད་ལངས་ཕྱོགས་དང་། ཕ་མོ། ཆོལ་ཁ། ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུ་བགྲོ་གླེང་སྦྱང་བཤད་བརྒྱུད་དེ་བོད་མིའི་ཆིག་སྒྲིལ་དང་། འགན་ཁུར། ནུས་སྟོབས། གྲ་སྒྲིག་བཅས་གོང་སྤེལ་ཚགས་ཚུད་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། ལས་འགུལ་གོ་སྒྲིག་བྱེད་མཁན་ནི་བོད་ཕྱི་ནང་གི་སྤྱི་ཚོགས་དང་ཁོར་ཡུག་འདྲ་མིན་ནང་ཚར་ལོངས་བྱུང་ཞིང་། གཞུང་དང་གཞུང་འབྲེལ་མ་ཡིན་པ་སོགས་ལས་རིགས་འདྲ་མིན་ནང་ལས་ཀ་བྱེད་མྱོང་བའི་ཕོ་མོ་དང་རྒན་གཞོན་དབྱེར་མེད་ལས་གྲུབ་པ་ཞིག་ཡིན། ང་ཚོའི་དབར་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་བསམ་ཚུལ་འཛིན་སྟངས་མི་འདྲ་བ་ཡོད་ན་ཡང་། ང་ཚོས་རིགས་མི་འདྲ་བའི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་སྟོབས་ལ་ཡིད་ཆེད་བྱེད་ཀྱི་ཡོད་ལ། དངོས་ཐོག་བདེན་འཚོལ་གྱི་བགྲོ་གླེང་དང་སྦྱང་བཤད་ཀྱི་རིན་ཐང་ལ་ཡིད་ཆེད་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བ་དང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་སོགས་ཕྱོགས་གང་ས་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་དང་རྩ་དོན་འཐབ་རྩོད་ཀྱི་ལས་དོན་ཛ་དྲག་གི་དུས་སྐབས་སུ་བསླེབས་པའི་ཚོར་སྣང་ཡོད་མཁན་གཅིག་མཚུངས་ཡིན།

བོད་ཀྱི་མ་འོངས་པའི་མདུན་ལམ་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་སྐྱོད་མིན་ནི་ང་ཚོས་གནས་ལུགས་དང་གཏན་ཚིག་ལས་གྲུབ་པའི་དཔྱད་ཞིབ་དང་འཆར་གཞི་སྒྲིག་ཐུབ་མིན་ལ་རག་ལུས་ཡོད། གལ་སྲིད་ཁྱེད་རང་ལོ་ན་ ༡༨ སོན་ཞིང་བོད་ཀྱི་སྤྱི་ཚོགས་དང་། ཆབ་སྲིད། སྐད་ཡིག རིག་གཞུང་སོགས་ལ་ཐུགས་སྣང་ཡོད་མཁན་ཞིག་ཡིན་ཚེ་ལྷན་ཚོགས་འདིར་མཉམ་ཞུགས་ཀྱིས་བགྲོ་གླེང་སྦྱང་བཤད་ལ་ཆ་ཤས་ལེན་རྒྱུར་རེ་སྐུལ་ཞུ་བཞིན་ཡོད། ལྷན་ཚོགས་ཉིན་ལྔའི་རིང་ཚོགས་བཅར་བ་རྣམ་པས་བོད་རྒྱལ་ཁབ་དང་བོད་མིའི་མང་འོངས་པའི་བདུན་ལམ་ཆེད་དུ་དོན་སྙིང་ལྡན་པའི་བརྗོད་གཞི་མང་པོར་བགྲོ་གླེང་ལྷུག་པོ་བྱ་ཐུབ་རྒྱུ་མ་ཟད། རྣམ་དཔྱོད་ལྡན་པའི་གསུང་བཤད་གནང་མཁན་དང་གཟབ་ཁྲིད་གནང་མཁན་ཚོ་དང་ལྷན་དུ་ཡང་སྦྱང་བཤད་གོ་བསྡུར་ལྷུག་པོ་གནང་སྟེ་ཕན་ཚུན་བློ་སྐྱེད་སྤེལ་ཐུབ་རྒྱུའི་གོ་སྐབས་ཡོད།

བགྲོ་གླེང་བྱ་རྒྱུའི་བརྗོད་གཞི་ཁག་གཅིག་ནི་བོད་དང་། རྒྱ་ནག རྒྱ་གར་བཅས་ཀྱི་ཡུལ་བབ་སྲིད་བྱུས་དང་། བོད་མིའི་ཆིག་སྒྲིིལ། བོད་མིའི་ངོ་བོ། ས་གནས་དང་མི་རབས་མི་འདྲ་བའི་བོད་མིའི་འབྲེལ་ལམ། དེ་བཞིན་མ་འོངས་པར་ང་ཚོས་གདོང་ལེན་བྱེད་དགོས་སྲིད་པའི་བོད་ཀྱི་གནད་དོན་གལ་ཆེན་ཁག་གཅིག་ཀྱང་ཚུད་ཡོད།

ཚོགས་འདུའི་དམིགས་བསལ་གྱི་གཙོ་དོན་མཚོན་བྱེད་ནི་ (སོན་རྩ།) ཡིན་པས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཀྱང་གཙོ་དོན་ལ་ཆ་ཤས་ལེན་རྒྱུའི་གོ་སྐབས་ཡོད།

མཉམ་ཞུགས་གནང་མཁན་ཚོས་གཤམ་གྱི་དྲ་ཐག་བརྒྱུད་ངེས་པར་དུ་ཐོ་འགོད་གནང་རོགས། https://forms.gle/hs8dA26ZG5ym5iCM9

ཐོ་འགོད་ཀྱི་དུས་ཚོད་མཐའ་མ་ནི་སྤྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༥ ཡིན།

ང་ཚོགས་དོགས་འདྲི་གནང་དགོས་པ་བྱུང་ཚེ་ཐོག་མར་བོད་ཀྱི་མདུན་ལགམ་གྱི་དྲ་ཐོག་ནས་རྒྱུན་གཏན་གྱི་དྲི་བའི་ལན་འདེབས་ཁག་ལ་ཞིབ་གཟིགས་གནང་རོགས།
https://future-of-tibet.org/en/dharamsala-conference-faqs/ 

ཡོང་རྒྱུའི་གསར་གནས་ཚང་མ་མཁྱེན་རྟོགས་ཡོང་སླད་ང་ཚོའི་ཡིག་འབྲེལ་མཚན་གཞུང་ནང་ཐོ་འགོད་གནང་རོགས། https://future-of-tibet.org/en/home/about-us-contact/sign-up-to-our-mailing-list/

Dharamsala Bo

ཚོགས་འདུ་དང་འབྲེལ་བའི་རྒྱུན་གཏན་གྱི་དྲི་བ་ཁག་གི་ལན་འདེབས་གསལ་བཤད།

1. བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པ་རྡ་རམ་ས་ལར་ག་དུས་ཚོགས་རྒྱུ་རེད་དམ།
སྤྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༥ ནས་ ༡༠ བར་རེེད།

2. ཚོགས་འདུ་ཚོགས་སའི་ས་ཆ་གང་དུ་རེད་དམ།
ཚོགས་འདུའི་ཐོ་འགོད་ཀྱི་བྱ་རིམ་གྲུབ་རྗེས་ང་ཚོས་ས་གནས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གློག་འཕྲིན་བརྒྱུད་ནས་གཏོང་གི་ཡིན།

3. བོད་ཀྱི་མདུན་ལམ་ཟེར་བའི་ལས་འགུལ་འདི་གང་རེད་དམ།
བོད་ཀྱི་མདུན་ལམ་སྐོར་དྲ་ཐོག་འདིར་གཟིགས་རོགས། https://future-of-tibet.org/home/%e0%bd%84%e0%bc%8b%e0%bd%9a%e0%bd%bc%e0%bd%a0%e0%bd%b2%e0%bc%8b%e0%bd%a6%e0%be%90%e0%bd%bc%e0%bd%a2%e0%bc%8d/

4. བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཀྱི་དམིགས་ཡུལ་གང་རེད་དམ།
བོད་ཀྱི་མདུན་ལམ་བཞུགས་མོལ་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་ཕན་ཚུན་བགྲོ་གླེང་དང་སྦྱང་བཤད་བརྒྱུད་བོད་ཀྱི་མ་འོངས་པའི་གནས་སྟངས་གང་འདྲ་ཞིག་ཡོང་སྲིད་པ་དང་། དེ་དག་ལ་ང་ཚོའི་ངོས་ནས་གདོང་ལེན་དང་གྲ་སྒྲིག་གང་འདྲ་བྱེད་དགོས་པའི་ཐབས་ཇུས་གྲ་སྒྲིག་ཡོངཐབས་བྱ་རྒྱུ་དེ་ཡིན། ལྷན་ཚོགས་སྐབས་ང་ཚོས་ཨ་རིའི་རྒྱལ་སའི་ཁུལ་དང་། ཧྥ་རན་སིའི་རྒྱལ་ས་ཕེ་རི་སི། ཨ་རིའི་ནིའུ་ཡོག་སོགས་སུ་ཚོགས་པའི་སྐབས་ཀྱི་དགོངས་འཆར་ཁག་ཡང་བསླེབས་ཐབས་བྱ་རྒྱུ་ཡིན།

5. ཚོགས་བཅར་བའི་གྲངས་ཚད་གཏན་ཁེལ་ཡོད་རེད་དམ།
ཚོགས་བཅར་བ་གྲངས་ ༡༠༠ ལ་གོ་སྐབས་བསྐྲུན་ཐབས་བྱ་རྒྱུ་ཡིན།

6. ངས་ཚོགས་འདུར་མཉམ་ཞུགས་ཆེད་ཐོ་འགོད་གང་འདྲ་བྱེད་དགོས་སམ།
ཚོགས་འདུར་མཉམ་ཞུགས་གནང་རྒྱུ་ཡིན་ཚེ་དྲ་ཐག་འདིའི་ཐོག་ནས་འགེངས་ཤོག་སྐོངས་རོགས། https://forms.gle/hs8dA26ZG5ym5iCM9

འགེངས་ཤོག་བསྐངས་པ་ཙམ་གྱིས་ཐོ་འགོད་ཟིན་པ་མིན་པས་དགོངས་འཇགས་གནང་རོགས། ལྷན་ཚོགས་འདི་དམིགས་ཡུལ་བཞིན་གྲུབ་འབྲས་ལྡན་པ་ཡོང་ཆེད་དུ་ཚོགས་བཅར་བའི་གྲངས་ཚད་ལ་གཏན་འབེབས་ཡོད་པ་མ་ཟད། ཕོ་མོ་དང་། རྒན་གཞོན། ལས་རིགས། ཉམས་མྱོང་། ལྟ་གྲུབ་སོགས་མི་འདྲ་བའི་མི་སྣ་གང་མང་མཉམ་ཞུགས་ཐུབ་པར་འབད་བརྩོན་ཞུ་རྒྱུ་ཡིིན་པས། ང་ཚོས་སྤྱི་ཟླ་ ༩ ནང་ཁྱེད་ལ་གློག་འཕྲིན་བརྒྱུད་ནས་ཚོགས་ཞུགས་ཐུབ་མིན་བརྡ་ལན་ཁ་གསལ་འབུལ་རྒྱུ་ཡིན།

7. ཚོགས་འདུའི་སྐབས་སྐད་ཡིག་ག་རེ་བེད་སྤྱོད་བྱ་རྒྱུ་རེད་དམ།
བོད་སྐད་དང་དབྱིན་སྐད།

8. ང་བོད་པ་མིན་པས་ཚོགས་འདུར་མཉམ་ཞུགས་བྱས་ན་འགྲིག་གི་རེད་དམ།
དགོངས་འགལ་མེད་པ་ཞུ། ཚོགས་འདུ་འདི་བོད་པ་གཅིག་པུར་དམིགས་པ་ཞིག་ཡིན་པས་དགོངས་བཞེས་གནང་རོགས།

9. ཚོགས་བཅར་བ་ཚོར་ལོ་ཚད་ཡོད་རེད་དམ།
ལོ་ན་ ༡༨ ལོན་པའི་བོད་མི་སུ་ཡིན་རུང་ཚོགས་འདུར་དངོས་སུ་མཉམ་ཞུགས་གནང་ཆོག་གི་རེད།

10. ཚོགས་འདུ་འདི་གཞོན་སྐྱེས་ཁོ་ནའི་ཚོགས་འདུ་རེད་དམ།
མ་རེད། ཚོགས་འདུ་འདིར་ལོ་ ༡༨ ཡན་གྱི་བོད་མི་སུ་ཡིན་ཡང་མཉམ་ཞུགས་བྱ་ཆོག་གི་རེད། དེ་སྔ་ཨ་རིའི་ནིའུ་ཡོག་ལ་ཚོགས་པ་དེ་གཞོན་སྐྱེས་ཁོ་ནའི་ཚོགས་འདུ་རེད། རྡ་རམ་ས་ལའི་ཚོགས་འདུ་འདིར་ཚོགས་བཅར་བ་ལོ་ན་རྒན་གཞོན་བར་གསུམ་དང་། ཕོ་མོའི་གྲངས་ཚད་ཀྱང་འདྲ་མཉམ་ཡོང་ཐུབ་པར་རེ་བ་བྱེད་ཀྱི་ཡོད་པས། ཚང་མས་མཉམ་ཞུགས་གནང་རྒྱུར་རེ་སྐུལ་ཞུ་རྒྱུ་ཡིན།

11. ཚོགས་འདུའི་མཛད་རིམ་གང་འདྲ་རེད་དམ།
ཚོགས་འདུའི་མཛད་རིམ་རགས་ཟིན་ཞིག་འདིར་ཡོད། འདིར་ང་ཚོས་རིམ་པས་བཟོ་བཅོས་བྱ་རྒྱུ་ཡིན།

12. ཚོགས་འདུའི་རིང་སྡོད་ས་དང་ཁ་ལག་གོ་སྒྲིག་ཡོད་རེད་དམ།
རེད། ཁ་ལག་དང་སྡོད་ས་ང་ཚོས་མཐུན་འགྱུར་གྲ་སྒྲིག་བྱེད་རྒྱུ་ཡིན།

13. ང་ཚོགས་འདུར་མཉམ་ཞུགས་བྱ་འདོད་འདུག འོན་ཀྱང་ལམ་གྲོན་རོགས་རམ་གནང་གི་རེད་དམ།
ཐོག་མར་ཁྱེད་ནས་ཐོ་འགོད་གནང་རོགས། ལམ་གྲོན་རོགས་རམ་སྐོར་དེ་ང་ཚོས་རྗེས་སུ་གསལ་བསྒྲགས་བྱ་རྒྱུ་་ཡིན།

14. ང་ལ་གོང་གི་གསལ་བཤད་ནང་མ་ཚུད་པའི་དྲི་བ་ཞིག་ཡོད།
ལགས་སོ། ང་ཚོར་གློག་འཕྲིན་འདིའི་ཐོག་ལ་འབྲེལ་བ་གནང་རོགས། united@future-of-tibet.org

15. ཚོགས་འདུར་ཐོ་འགོད་མ་བྱས་གོང་གནས་ཚུལ་མང་ཙམ་ཤེས་འདོད་ཡོད།
འགྲིག་གི་རེད། ཞིབ་ཕྲའི་གནས་ཚུལ་ཁག་ང་ཚོའི་ངོ་དེབ་སོགས་སྤྱི་ཚོགས་དྲ་ཁག་ལ་སྤེལ་རྒྱུ་ཡིབན་པས་དེ་དག་ལ་དོ་སྣང་གནང་རོགས། གལ་སྲིད་ཁྱེད་ཀྱི་ང་ཚོའི་ཡིག་འབྲེལ་མིང་གཞུང་ནང་ཐོ་འགོད་གནང་ཚེ་ང་ཚོས་ཁྱེད་ཀྱི་གློག་འཕྲིན་ཐོག་རིམ་པས་གནས་ཚུལ་ཁག་གཏོང་རྒྱུ་ཡིན། https://future-of-tibet.org/en/home/about-us-contact/sign-up-to-our-mailing-list/

16. ངས་ཚོགས་འདུར་དང་བླངས་རོགས་པ་བྱེད་འདོད་འདུག་པས་འགྲིག་གི་རེད་དམ།
དེ་ཧ་ཅང་ཡག་པོ་འདུག ཁྱེད་ཀྱིས་ང་ཚོའི་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས། united@future-of-tibet.org